ཤང་སྡེ་ནས་མཛོ་རྒན་རྭ་བར་མཚམས་ཀྱི་གཞུང་ལམ་རྒྱ་སྐྱེད་ལས་གཞིར་ཞིབ་བཤེར་རྩིས་ལེན་ཐོབ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཤོག་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། ཟླ11ཚེས18ཉིན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཤོག ལས་གཞིའི་ཇུས་འགོད་དང་། ལྟ་སྐུལ་དོ་དམ། ཨར་ལས་སོགས་ལས་ཁུངས་སྒྲིག་འཛུགས་བྱས་ཏེ། “དྲ་འོག་དང་དྲ་སྟེང་། ལས་ཁུངས་ནང་ཁུལ་གྱི་རྒྱུ་ཆ་ཞིབ་བཤེར”བཅས་བརྒྱུད་དེ། ཤང་སྡེ་ནས་མཛོ་རྒན་རྭ་བར་མཚམས་ཀྱི་གཞུང་ལམ་རྒྱ་སྐྱེད་ལས་གཞི་ལེགས་པར་གྲུབ་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱས།

ཤང་སྡེ་ནས་མཛོ་རྒན་རྭ་བར་མཚམས་ཀྱི་གཞུང་ལམ་རྒྱ་སྐྱེད་ལས་གཞི་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ཁོངས་སུ་ཡོད་ཅིང་། ལམ་མགོ་གཏེར་ལམ་རྫོང་ཤང་སྡེ་གྲོང་རྡལ་ཐོ་ཧའེ་གྲོང་ཚོ་ཡིན། ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ཚྭ་ཁ་ནས་ན་གོར་མོའི་བར་གྱི་གཞུང་ལམK2452+369.83མཚམས་ནས་རྒྱལ་ལམ109དང་། ཁྲའེ་ཞིན་གྲོང་ཚོ། རྒུ་རུ་ཡུལ་ཚོ་སོགས་བརྒྱུད་དེ་མཐར་མཛོ་རྒན་རྭ་བར་ནས་རྟ་བོར་བར་གྱི་གཞུང་ལམ་ལམ་མགོར་སྦྲེལ་ཡོད། ལམ་ཐག་ལ་ལེ་དབར155.27ཡོད་པ་དང་། ལས་གཞི་ཡོངས་ལ་མ་དངུལ་དུང་ཕྱུར46.13བཏང་ནས་བསྐྲུན།

ཤང་སྡེ་ནས་མཛོ་རྒན་རྭ་བར་བར་གྱི་གཞུང་ལམ་རྒྱ་སྐྱེད་ལས་གཞི་ནི་ནུབ་ཕྱོགས་གསར་སྤེལ་ཆེན་པའི་གཞུང་གྱི་འཆར་འགོད་གལ་ཆེན་ཞིག་སྟེ། ཨ་ལི་ཐའེ་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཡང་ཡིན། ཤིན་ཅང་དང་མཚོ་སྔོན། སི་ཁྲོན་གསུམ་དང་། ཀན་སུའུ་དང་མཚོ་སྔོན་སི་ཁྲོན་བར་འབྲེལ་བའི་ལམ་དུམ་ཉག་ཅིག་ཡིན། གཞུང་ལམ་དེ་གྲུབ་རྗེས་ལམ་རྒྱུད་དུ་ཆགས་པའི་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཐུབ་པར་མ་ཟད། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་མཐོ་ས་བསྐྲུན་པར་རམ་འདེགས་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། “རྒྱུད་གཅིག་ལམ་གཅིག”གི་ཁྲོད་ནང་ཞུགས། ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ངོས། བར་སྣང་གསུམ་གྱི་བགྲོད་ལམ་ཆེན་པོ་སོགས་འཛུགས་སྐྲུན་གྱི་འཐབ་ཇུས་གལ་ཆེན་ལ་ནུས་པ་གང་ལེགས་འདོན་ཐུབ་པ་རེད།

ལོ་ཙཱ་བ།ཁོན་ཐར་འཚོ།