རང་ཞིང་གི་ས་ཁུལ་ལྔ་ལ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི་གཟེངས་བསྟོད་ཐོབ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས18ཉིན། རྒྱལ་ཁབ་ཀྱི་སྐོར་དྲུག་པའི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དཔེ་སྟོན་ཁུལ་དང་། “རི་ཆུ་སྔོ་ཞིང་དྭངས་པ་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞི། སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་བྱ་དགའ། “2020ལོ་ནས2021བར་གྱི་ལྗང་མདོག་ཀྲུང་གོའི་ལོ་འཁོར་མི་སྣའི”མིང་ཐོ་ཕྱིར་བསྒྲགས་པའི་ནང་། རང་ཞིང་གི་ས་ཁུལ་ལྔ་དང་། ཐུན་མོང་གཅིག མི་སྒེར་གཉིས་བཅས་ལ་གཟེངས་བསྟོད་ཐོབ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཅས་གསུམ་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དཔེ་སྟོན་ཁུལ་གྱི་མཚན་སྙན་བསྒྲོན། མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་ཁྱེར་ལ་“རི་ཆུ་སྔོ་ཞིང་དྭངས་པ་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་བསྒྲོན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་སྒྲོལ་དཀར་ཚེ་མཚོ་དང་། ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ(རྒྱལ་ཁབ་སྤྱི་གླིང་)ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཀྲའོ་ཞིན་ལུའུ་གཉིས་ལ་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་བྱ་དགའ་ཐོབ། མཚོ་སྔོན་པོའི་གསེར་ཉ་སྲོག་སྐྱོབ་ལྟེ་གནས་ལ“2020ལོ་ནས2021བར་གྱི་ལྗང་མདོག་ཀྲུང་གོའི་ལོ་འཁོར་མི་སྣ”ཡི་མཚན་སྙན་གནང་།

ད་སྔའི་བར་དུ། སྔ་གཞུག་ཏུ་རྨ་ལྷོ་ཁུལ་དང་། ཡུལ་ཤུལ་ཁུལ། སྟོང་སྐོར་རྫོང་། དམར་གཙང་ཆུས། ཁྲི་ཀ་རྫོང་། རྨ་ལྷོ་སོག་རྫོང་། རྩེ་ཁོག་རྫོང་། མདོ་ལ་རྫོང་བཅས་ལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དཔེ་སྟོན་ཁུལ་གྱི་མཚན་སྙན་གནང་ཡོད། ཁྲི་ཀ་རྫོང་། རྨ་ལྷོ་སོག་རྫོང་། དམར་གཙང་ཆུས། ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་བཅས་ལ“རི་ཆུ་སྔོ་ཞིང་དྭངས་པ་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་གནང་ཡོད། མཚན་སྙན་གནང་བའི་ས་ཁུལ་དེ་དག་རིམ་བཞིན་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ཇེ་གཙང་ཇེ་ལེགས་དང་། སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་གྲུབ་འབྲས་མངོན་པའི་སྒོ་མོ་གལ་ཆེན་དུ་གྱུར་བར་མ་ཟད། མཚོ་སྔོན་གྱིས་ནུས་ཤུགས་གཅིག་ཏུ་བསྡུས་ནས་བསྐྲུན་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པའི་ལག་ལེན་དཔེ་མཚོན་ཅན་དུ་གྱུར་ཡོད་དོ། །

ལོ་ཙཱ་བ། ཁོན་ཐར་འཚོ།