མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་བཞི་བའི”ཀྲུང་སྨན་དང་བོད་སྨན་འཕེལ་རྒྱས་ཀྱི་འཆར་འགོད་བཏོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་སྲིད་གཞུང་གཞུང་སྒྲུང་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཀྲུང་སྨན་དང་བོད་སྨན་འཕེལ་རྒྱས་འཆར་འགོད》(གཤམ་ནས་《འཆར་འགོད་ཅེས་བསྡུ་རྒྱུ》)པར་འགྲེམས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཞིང་ཆེན་ཡོངས་ཀྱི་ཀྲུང་སྨན་དང་བོད་སྨན་ལས་ཀ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། 

《འཆར་འགོད》ནང་། “ལོ་ལྔ་ཚན་བཅུ་བཞི་པའི”ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་བཟུང་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་སྨན་དང་བོད་སྨན་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་སྨན་དང་བོད་སྨན་འཛིན་སྐྱོང་སྤེལ་གསུམ་ལ་སྐུལ་འདེད་གཏང་དགོས་སྐོར་གྱི་ཇུས་ཆོད་གལ་ཆེན་ལག་བསྟར་མཐའ་འཁྱོལ་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་སྨན་དང་བོད་སྨན་སྤུས་ལེགས་འཕེལ་རྒྱས་གཏང་བའི་ཇུས་ཆོད་བཀོད་སྒྲིག་ལྟར། བརྟན་བརླིང་འཕེལ་རྒྱས་ཀྱི་བྱ་བ་སྤྱིའི་སྒྲུབ་སྟངས་དང་། ཀྲུང་སྨན་དང་བོད་སྨན་ཟུང་སྤེལ་བྱ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། “སྲོག་སྙིང་རྒྱུད་འཛིན་དང་དྲང་སྲུང་གསར་གཏོད”གཙོ་བྱས་མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དམིགས་སུ་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་གསར་གཏོད་ཁྲོད་སྤུས་ལེགས་གོང་དུ་འཕེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་ཞེས་བསྟན།

《འཆར་འགོད》ནང་། 2025ལོའི་བར་ལ། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་སྨན་རྫས་སྨན་བཅོས་དང་། སྔོན་འགོག བདེ་སྲུང་། སློབ་གསོ། ཚན་ཞིབ། ཐོན་ལས། རིག་གནས། ཕྱི་ཕྱོགས་སྤེལ་རེས་ལ་སོགས་ཁྱབ་ཁོངས་ཁག་བར་གྱི་མཐུན་སྦྱོར་གོང་སྤེལ་དེ་དུས་རིམ་གསར་པ་ཞིག་བསླེབས་དགོས་ཤིང་། ཀྲུང་བོད་སྨན་བདེ་ཐང་ཞབས་ཞུའི་ནུས་པ་མཐོར་འདེགས་མངོན་གསལ་ཡོང་བ་དང་། ཀྲུང་བོད་སྨན་གྱི་འཇོན་མི་སྐྱེད་སྲིང་ལ་གྲུབ་འབྲས་བཟང་པོ་ལོན་པ། ཀྲུང་བོད་སྨན་རྒྱུད་འཛིན་དང་གསར་གཏོད་ནུས་པ་ཆེ་ཆེར་བསྐྱེད་ཐུབ་པ་བྱ་དགོས་པ་མ་ཟད། ཀྲུང་བོད་སྨན་གྱི་ཐོན་ལས་མཉམ་སྤེལ་དང་། ཀྲུང་བོད་སྨན་གྱི་རིག་གནས་དར་སྤེལ། ཀྲུང་བོད་སྨན་བསྡམས་གློད་གོང་སྤེལ་བཅས་ལ་སྐུལ་འདེད་བཏང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཀྲུང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱ་དགོས་པའི་བླང་བྱ་བཏོན།

《འཆར་འགོད》ནང་། ཕྱོགས་ཆེན་པོ་བདུན་ནས་ལས་ཀ་གཙོ་ཁག22ལ་འོས་འགན་ཞིབ་ཕྲ་བཏོན་པ་དང་། འཕེལ་རྒྱས་དམིགས་འབེན་གཙོ་བོ13དང་། ཆེད་དོན་ལེ་ཚན་ཁག7བཟོས། དེ་དང་《“ལོ་ལྔ་ཚན་བཅུ་བཞི་པའི”ཀྲུང་སྨན་གྱི་འཕེལ་རྒྱས་འཆར་འགོད》ནང་བཟོས་པའི་འཕེལ་རྒྱས་དམིགས་འབེན་གཙོ་བོ་དང་བསྡུར་ན། དམིགས་ཚན་བཞི་རང་ཞིང་གིས་གཞི་རྩའི་ཐོག་ལེགས་པར་གྲུབ་ཡོད་པས་སླར་དམིགས་ཚད་ནང་བཞག་མེད།  ཡིན་ན་ཡང་གཞི་རིམ་གྱི་ཀྲུང་བོད་སྨན་གྱི་བདེ་ཐང་ཞབས་ཞུའི་ནུས་པ་མཐོར་འདེགས་དང་གཞི་རིམ་ཀྲུང་བོད་སྨན་ཁང་གི་ནང་དོན་ཕུན་སུམ་པ་འཛུགས་སྐྲུན་ལ་ཤུགས་བསྣན་ཆེད། “ཀྲུང་བོད་སྨན་ཁང་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བསྡུར་ཚད(%)དང་། གཞི་རིམ་ཀྲུང་བོད་སྨན་ཁང་གི་དཔྱད་བཅོས་མི་གྲངས་ཀྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྤྱིའི་དཔྱད་བཅོས་མི་གྲངས་ཀྱི་བསྡུར་ཚད(%)”ཅེས་དམིགས་ཚད་གཉིས་ཁ་སྣོན་བརྒྱབ་ཡོད་པ་བཀོད་འདུག

《འཆར་འགོད》ནང་ཀྲུང་བོད་སྨན་རྫས་ཀྱི་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་བ་དང་། ཞབས་ཞུ་ནུས་པ་ཇེ་ལེགས་སུ་བསྒྱུར་བ། ཀྲུང་བོད་སྨན་རྫས་ཀྱི་ཚན་རྩལ་དར་སྤེལ་ལ་སྐུལ་འདེད་དང་། ཀྲུང་བོད་སྨན་རྫས་ཀྱི་རྐང་འཛིན་འཇོན་མི་སྐྱེད་སྲིང་། ཀྲུང་བོད་སྨན་རྫས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ། ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་སྤུས་ལེགས་གོང་སྤེལ་ལ་སྐུལ་འདེད། ཀྲུང་བོད་སྨན་རྫས་ཀྱི་ཕྱི་ཕྱོགས་བརྗེ་རེས་གང་མགྱོགས་ཅི་མགྱོགས་ངང་སྤེལ་དགོས་པ་སོགས་ཕྱོགས་ཆེན་པོ་བདུན་ནས་ལས་ཀའི་འོས་འགན་གསལ་འབེབས་བྱས་ཡོད་དོ། །

ལོ་ཙཱ་བ། ཁོན་ཐར་འཚོ།