མཚོ་སྔོན་གྱིས་རིམས་ནད་སྐབས་སུ་དཀའ་ཁག་ཆེ་བའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར2.71བྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་རིམས་ནད་སྐབས་སུ་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། རིམ་པ་སོ་སོའི་སྤྱི་ཚོགས་མྱུར་སྐྱོབས་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་པས། ཞིང་ཆེན་ཡོངས་ནས་ཁྱོན་བསྡོམས་པས་གནས་སྐབས་རོགས་སྐྱོར་ཐོབ་པའི་མི་གྲངས་ཁྲི15.1ལ་བུད་པ་དང་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.71ལ་བུད་ཡོད།

རང་ཞིང་གིས་ཟླ8པའི་ནང་ཞིང་ཆེན་ཡོངས་ཀྱི་འགན་སྲུང་དམའ་བའི་ཁ་གཏད་རོགས་སྐྱོར་བྱེད་ཡུལ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་མི་གྲངས་ཁྲི36.7ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར0.73བྱིན། ཟླ8པ་ནས་ཟླ10པའི་བར་རིམ་པ་གསུམ་དུ་བཀར་ནས་དཀའ་ཁག་ཆེ་བའི་མང་ཚོགས་ལ་གནས་སྐབས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི3642དང་མི་གྲངས་ཁྲི154.9ལ་ཕན་ཁེ་བསྐྲུན་པས། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་དེ་དངོས་པོའི་རིན་གོང་འཕར་བ་དང་བསྟུན་ནས་ཇེ་དམའ་རུ་གཏོང་མི་སྲིད་པ་རེད།

རང་ཞིང་གིས་མུ་མཐུད་དུ་རིམས་ནད་ཤུགས་རྐྱེན་འོག་དཀའ་ཁག་ཆེ་བའི་ན་གཞོན་དག་ལ་རོགས་སྐྱོར་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་ལ། ལས་ཀ་བྱེད་ཡུལ་དང་རྒྱུན་སྡོད་ས་གནས་གཉིས་ཀྱི་དངོས་ཡོད་ལ་ཟུང་འབྲེལ་གྱིས་གནས་ཚུལ་ལ་གཞིགས་སྟེ་གནས་སྐབས་ཀྱི་རོགས་སྐྱོར་ཁ་གསབ་སྤྲད་ནས་འཚོ་བའི་དཀའ་ཁག་ལས་གྲོལ་རྒྱུར་རོགས་རམ་བྱས། ཧ་ཅང་དབུལ་བོ་ཡིན་པ་དང་ཁྱིམ་མི་ལ་པྲོག་གསར་རིམས་ནད་ཀྱི་རྐྱེན་གྱིས་གཞི་རྩའི་འཚོ་བར་གནས་སྐབས་སུ་དཀའ་ཁག་བྱུང་བའི་མི་སྒེར་དང་ཁྱིམ་ཚང་ལ་ཡང་ཐད་ཀར་དུ་གནས་སྐབས་རོགས་སྐྱོར་བྱས། རིམས་ནད་ཀྱི་ཤུགས་རྐྱེན་འོག་གཞི་རྩའི་འཚོ་བར་གནས་སྐབས་སུ་དཀའ་ཁག་བྱུང་བའི་མཚོ་སྔོན་དུ་སྡོད་པའི་ལས་ཀ་པ། རང་ཞིང་དུ་སྡོད་པའི་ཞིང་ཆེན་གཞན་གྱི་མི། འཁྱམ་པོ་དང་སྤྲང་བོ་སོགས་ཀྱི་གནས་སྐབས་ཀྱི་དཀའ་ཁག་ཡང་ཐག་གཅོད་བྱས། ཟླ10པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ནས་གནས་སྐབས་རོགས་སྐྱོར་བྱས་པའི་ས་གནས་ཀྱི་མི་མ་ཡིན་པའི་མང་ཚོགས304ལ་མ་དངུལ་སྒོར་ཁྲི34.87བྱིན། ལས་ཤོར་དཀའ་ཁག་ཆེ་བའི་མི་སྣ1823ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི209.08བྱིན། རིམས་ནད་ཀྱི་ཤུགས་རྐྱེན་འོག་གཞི་རྩའི་འཚོ་བའི་འགན་སྲུང་དང་ཧ་ཅང་དབུལ་བོ་ཡིན་པའི་ཁ་གཏད་མི་གྲངས1310ལ་མ་དངུལ་སྒོར་ཁྲི245.42གནང་།

ཟླ8པའི་ནང་རང་ཞིང་ལ་རིམས་ནད་བྱུང་རྗེས་ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་པས་གནས་སྐབས་རོགས་སྐྱོར་མི་གྲངས་ཁྲི4.99ལ་མ་དངུལ་སྒོར་ཁྲི8340.1མར་གནང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།