2022ལོའི་ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་ཞིང་སྡེ་ཡི་མིང་ཐོའི་ཁྲོད་རང་ཞིང་གི་ས་ཆ་ལྔ་ཚུད་ཡོད་པ།

ཤེས་གསལ་ལྟར་ན། 2022ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་དང《ཞིང་ལས་ཞིང་སྡེ་པུའུ་ཡིས་ཞིང་ལས་ནུས་ཁོངས་སྣ་མང་ཅན་དུ་བཏང་སྟེ་ཞིང་སྡེའི་ཐོན་ལས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་མཛུབ་སྟོན》གྱི་དགོངས་དོན་སོགས་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། མཛེས་སྡུག་གི་སྤྲོ་གསེང་ཞིང་སྡེ་སྐོར་ཞིག་གསར་འཛུགས་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་ཆེད། 2022ལོའི་ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་ཞིང་སྡེའི་མིང་ཐོ་སྙན་ཞུ་དང་ཐོ་འགོད་བྱ་བ་སྤེལ་མགོ་བརྩམས། ས་གནས་སོ་སོས་འོས་སྦྱོར་དང་ཆེད་མཁས་པས་དཔྱད་འདེམས། དྲ་སྟེང་ནས་སྤྱི་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཞིང་སྡེ255 2022ལོའི་ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་ཞིང་སྡེ་རུ་འོས་སྦྱོར་བྱས་པ་དང་། དུས་མཚུངས་ཞིང་སྡེ84ཞིང་བའི་སྤྲོ་ཁྱིམ་ར་བའི་ཁྱད་ལྡན་སྡེ་བ་རུ་བདམས། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧོར་རིགས་རང་སྐྱོང་རྫོང་གི་ཀན་ཐིང་གྲོང་རྡལ་གྱི་ལ་ཅ་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་གྱི་མཐུན་སྒྲིལ་སྡེ་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་གྱི་ཁ་གསེབ་ལུང་སྡེ་བ། མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཀུའུ་ཁྲིན་ཧུའེ་རིགས་ཡུལ་ཚོའི་ཧྲི་པའེ་སྡེ་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་གི་གླེ་གཞུག་སྡེ་བ་བཅས2022ལོའི་ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་ཞིང་སྡེ་རུ་བདམས་པ་དང་། དེའི་ནང་དམར་གཙང་ཆུས་ཀུའུ་ཁྲིན་ཧུའེ་རིགས་ཡུལ་ཚོའི་ཧྲི་པའེ་སྡེ་བ་དང་གཅན་ཚ་རྫོང་གཅན་ཚ་ཐང་གི་གླེ་གཞུག་སྡེ་བ་གཉིས་ཞིང་བའི་སྤྲོ་ཁྱིམ་ར་བའི་ཁྱད་ལྡན་སྡེ་བ་རུ་བདམས་ཐོན་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་མཛེས་སྡུག་གི་སྤྲོ་གསེང་ཞིང་སྡེ་འཛུགས་སྐྲུན་བྱེད་པ་ནི་ཞིང་སྡེའི་ཐོན་སྐྱེད་འཚོ་བའི་སྐྱེ་ཁམས་ཀྱི་རིན་ཐང་མཐོར་འདེགས་སུ་གཏོང་བ་དང་། ཞིང་བའི་ཡོང་སྒོ་ཇེ་མཐོར་བཏང་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་སོགས་ལ་མཐུན་སྦྱོར་མཉམ་ལས་དང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེའི་སྡེ་ཁག་གིས་ཞིང་ལས་ཐད་ཀྱི་ནུས་ཁོངས་སྣ་མང་ཅན་དུ་གཏོང་རྒྱུར་ཤུགས་སྣོན་དང་། ཞིང་སྡེའི་སྣ་མང་རིན་ཐང་སྔོག་འདོན་བྱེད་རྒྱུ་གཙོར་བཟུང་ཏེ། ཞབས་ཞུར་མཛུབ་སྟོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར། དྲིལ་སྒྲོག་འོས་སྦྱོར་སོགས་ལ་ཤུགས་བསྣན་ནས། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་ཞིང་ལས་རྨོ་འདེབས་རིག་གནས་དང་རྒྱུད་འཛིན་དར་སྤེལ་བཏང་བ་བརྒྱུད། སྐྱེ་ཁམས་ལེགས་ཤིང་ཁོར་ཡུག་མཛེས་པ། ཞིང་སྡེའི་ཁྱད་ལྡན་ཡུལ་སྲོལ་ལེགས་པ་སོགས་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་བྱེད་པ་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་ལེགས་པོ་བྱེད་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།