མཚོ་ཤར་ཡ་རྫི་རྫོང་རྐང་ཚ་བོད་རིགས་ཡུལ་ཚོས་མཐོ་སྒང་ནོར་ནག་གསོ་སྤེལ་རྟེན་གཞི་གསར་འཛུགས་བྱས།

གསར་དུ་བཙུགས་པའི་རྐང་ཚ་བོད་རིགས་ཡུལ་ཚོའི་ནོར་ནག་གསོ་སྤེལ་རྟེན་གཞི།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དགུན་ཚིགས་སླེབས་པ་དང་བསྟུན་ནས། མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་རྐང་ཚ་བོད་རིགས་ཡུལ་ཚོ་ནི་མུ་མཐའ་བྲལ་བའི་གསེར་མདོག་གི་རྩྭ་ཐང་དང་གཉིས་སུ་མ་མཆིས་ཤིང་། སྟར་ཕྲེང་བསྒྲིགས་པའི་རི་རྒྱུད་དང་ཁ་བས་གཡོག་པའི་གངས་རི་དག་ཡིད་དུ་འོངས། རྐང་ཚ་བོད་རིགས་ཡུལ་ཚོའི་མཐོ་སྒང་གི་ནོར་ནག་གསོ་སྤེལ་རྟེན་གཞི་དེ་རྐང་ཚ་སྡེ་བའི་རི་བོ་ཞིག་གི་འདབས་རོལ་དུ་ཆགས་ཡོད། རྟེན་གཞིའི་ཁྲོད་གསར་དུ་སྟར་ཕྲེང་བསྒྲིགས་པའི་ནོར་གསོའི་ར་བ་དང་གཟན་རྩྭ་གསོག་འཇོག་ཁང་མིག་ལམ་དུ་གསལ་བོར་མངོན་ཐུབ་པ་དེས་ལས་གཞི་འདིའི་ཨར་ལས་རུ་ཁག་གིས་དུས་རིམ་དང་པོའི་ལས་ཡུན་ཡོངས་སུ་མཇུག་བསྡུ་བཞིན་པ་གསལ་བོར་རྟོགས་ཐུབ།

རྐང་ཚ་བོད་རིགས་ཡུལ་ཚོའི་མཐོ་སྒང་གི་ནོར་ནག་གསོ་སྤེལ་རྟེན་གཞི་ལ་ཁྱོན་བསྡོམས་པས་མ་དངུལ་སྒོར་ཁྲི5500བཏང་ཞིང་། དུས་རིམ་མི་འདྲ་པ་གསུམ་དུ་བཀར་ནས་ཡོངས་འགྲུབ་བྱ་འཆར་ཡོད། ད་ལོའི་དུས་རིམ་དང་པོའི་ལས་ཡུན་ལ་མ་དངུལ་སྒོར་ཁྲི400བཏང་ཞིང་། ད་ལྟ་ཡོངས་སུ་ལེགས་འགྲུབ་བྱུང་ཟིན་པ་ལ་ནོར་གསོའི་དྲོད་ཁང་དང་གཟན་རྩྭ་འཇོག་སའི་ཁང་བ། ལྕི་བ་གསོག་འཇོག་ཁང་། གཟན་རྩྭ་འདེབས་འཛུགས་རྟེན་གཞི། ནོར་ནག་འཚོ་ཡུལ་གྱི་རྩྭ་ས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནོར་ནག་རྒྱུད་སྤེལ་ར་བ་བཅས་ཡོད།

རྐང་ཚ་བོད་རིགས་ཡུལ་ཚོ་ནི་མཚོ་ཤར་གྲོང་ཁྱེར་གྱི་ཕྱུགས་ལས་བཤའ་མ་གཉེར་བའི་ཡུལ་ཚོ་གཅིག་པུ་ཡིན་ཞིང་། རང་བྱུང་གི་རྩྭ་ས་སྤྱི་ཆིངས་ཁྲི4.3ཡོད་ལ། ནོར་ནག་ཁྲི1.98གསོ་སྤེལ་བྱས་ཡོད་པས། རྫོང་ཡོངས་ཀྱི་ནོར་ནག་གསོ་སྤེལ་ཁ་གྲངས་ཀྱི88.39%ཟིན་ཡོད། དུས་ཡུན་རིང་བོར་རྐང་ཚ་བོད་རིགས་ཡུལ་ཚོས་ཕྱུགས་ཟོག་གསོ་སྤེལ་ལས་རིགས་ཀྱི་ཐོན་ལས་ལ་སྣེ་ཁྲིད་བྱས་ཏེ། སྲོལ་རྒྱུན་གྱི་གསོ་སྤེལ་རྣམ་གཞག་ཁྲོད་འབྲོག་པ་རྣམས་ཀྱིས་རང་བྱུང་ཁོ་ནར་བརྟེན་ནས་ནོར་ནག་འཚོ་སྐྱོང་བྱེད་བཞིན་ཡོད། ས་གནས་འབྲོག་པ་མང་ཚོགས་ཀྱིས་དགུན་ཁར་རང་གི་ཟ་རྒྱུའི་ཤ་ལས་གཞན། བཤས་ནས་ཕྱིར་འཚོང་བྱེད་པའི་ཁ་གྲངས་ཧ་ཅང་ཉུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།