ཞི་ཅིན་ཕིང་གིས་ཨ་ཀིན་ཐེན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་ཨ་ཀིན་ཐེན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་ཀིན་ཐེན་བར་གྱི་འབྲེལ་བའི་ལོ་རྒྱུས་སྟེང་སྔར་སྲུང་རྗེས་མཐུད་ཀྱི་གནད་འགག་གི་ལོ་ཞིག་ཡིན། བདག་གིས་ཁྱོད་དང་མཉམ་དུ་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཨ་ཀིན་ཐེན་གྱི་མཛའ་མཐུན་མཉམ་ལས་ལོའི་བྱ་འགུལ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ན་ལོ་ངོ་ལྔ་བཅུ་འགོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་། ཀྲུང་གོ་དང་ཨ་ཀིན་ཐེན་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པས། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་འཆར་གཞི་བཀོད་དེ། ཀྲུང་གོ་དང་ཨ་ཀིན་ཐེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐེན་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་ཞིང་མི་དམངས་ཀྱི་རེ་འདོད་དང་དུས་རབས་ཀྱི་རེ་བར་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་དགོས་ལ། ཕན་ཚུན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་རིག་གནས་དང་སྨྱན་བྱད། སློབ་གསོ། ལུས་རྩལ། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་སྤེལ་ནས། སྤུས་ཚད་མཐོ་བའི་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐེན་གྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་བོ་ནང་འདྲེན་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐེན་དང་མཉམ་དུ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་གླེང་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་འབྱེད། དམངས་ཕན་བཅས་ཀྱི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྟེགས་བུ་ལས་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་དངོས་འབེབས་བྱས་ཏེ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད།

ཧྥེ་ཨར་ནན་ཏི་སི་ཡིས་བསྟན་དོན། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་བར་རྟེན་འབྲེལ་ཞུས་པ་ཡིན། ད་ལོའི་ཟླ་གཉིས་པར་བདག་པེ་ཅིང་དུ་ཡོང་ནས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་སྐབས་ཁྱེད་ཉིད་དང་ཐུག་འཕྲད་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨ་ཀིན་ཐེན་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཨ་ཀིན་ཐེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་རེ་བས་ཁེངས་ཡོད། ཨ་ཀིན་ཐེན་དུས་ནམ་ཡིན་ཡང་ཀྲུང་གོའི་གྲོགས་པོ་དང་སྤུན་ཟླ་ཡིན་ལ། ནམ་ཡིན་ཡང་ཀྲུང་གོས་རང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཨ་ཀིན་ཐེན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཨ་ཀིན་ཐེན་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད། ཨ་ཀིན་ཐེན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ལཱ་ཏེན་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏེན་ཞོས་ཞང་དང་ཝང་དབྱེ། ཧི་ལི་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།