ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ལིས་གླིང་ཕྲན་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་ངོ་གསུམ་གྱི་རིང་ལ། ང་ཚོས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་འབྲེལ་གཏུག་དམ་ཟབ་བྱས་པའི་དབང་གིས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བས་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་ཐུབ་པ་དང་རྒྱལ་ཁབ་གཉིས་ཀའི་མཉམ་ལས་གལ་ཆེན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། དེང་སྐབས། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད། འཛམ་གླིང་སྣེ་མང་ཅན་གྱི་གྲུབ་སྟངས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པའི་ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་རང་བཙན་རང་བདག་དང་སྒོ་འབྱེད་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་ཡང་དག་པའི་ལམ་དུ་བརྟན་པོའི་ངང་སྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་པ་སྣོན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གང་ལེགས་བཏང་སྟེ། ཧྥ་རན་སི་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་འབྱུང་འགྱུར་ལ་དམ་པོར་དམིགས་ནས། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་ནུས་ཁུངས་དང་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སི་ནས་འཕེལ་རྒྱས་གཏོང་བ་ལ་སྔར་ལས་འདྲ་མཉམ་དང་དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་མང་པོའི་རིང་ལ་འཕེལ་རྒྱས་བཏང་བ་བརྒྱུད། གཞི་ནས་ཀྲུང་གོ་དང་ཡོ་རོབ་བར་དཔལ་འབྱོར་མཉམ་གནས་ཀྱི་འབྲེལ་བ་ཆེན་པོ་ཞིག་གྲུབ་ཡོད། ཕྱོགས་གཉིས་ཀས་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་གེགས་མེད་ཡོང་བར་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོབ་བཅས་བྱེད་དགོས། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་ཀྱིས་མུ་མཐུད་དུ་རང་བཙན་དང་ཀྲུང་གོར་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཧིན་རྡུ་ཉི་ཞི་ཡའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་པཱ་ལིས་གླིང་ཕྲན་གྱི་རྩེ་ཚོགས་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཐད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ། ཕྱོགས་མང་རིང་ལུགས་དངོས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་དཀའ་གནད་སེལ་འདོད་ཡོད་ཅེས་གསུངས།

མཱ་ཁི་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མུར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་འཁུར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས། ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གཏོང་སྟངས་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་རང་བརྟེན་གྱི་ཕྱི་འབྲེལ་ལ་བརྟེན་ནས་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བྱེད་ཀྱིན་ཡོད། མིག་སྔའི་ཟང་ཟིང་གི་རྒྱལ་སྤྱིའི་གནས་སྟངས་འོག་ཏུ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ནས། མཐོ་རིམ་འགྲོ་འོང་དང་བསམ་ཚུལ་རྗེས་རེས་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་མཁའ་འགྲུལ། དམངས་སྤྱོད་རྡུལ་ཕྲན་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོའི་ཁེ་ལས་ཀྱིས་ཧྥ་རན་སི་ནས་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ནས། གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་ཉམས་ཉེན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་བར་གྱི་བསམ་ཚུལ་རྗེས་རེས་དང་མཉམ་ལས་ལ་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཏིན་ཞུའེ་ཞང་དང་ཝང་དབྱིས། ཧི་ལིས་ཧྥུན་སོགས་མཇལ་འཕྲད་དངོས་ཀྱི་ཁྲོད་ཞུགས།