མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

རང་རེའི་དྲ་བའི་འཕྲིན།ཟླ11པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་སྔར་ལས་ལེགས་སྒྱུར་བྱས་ནས་ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་བཅས་ཀྱི་དགོངས་དོན་ཡང་བསྐྱར་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་དང་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བ་དང་། བྱེད་ཐབས་ཉི་ཤུ་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་མ་ཟད། མིག་སྔའི་འགོག་སྡོམ་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མཚོ་སྔོན་བྱ་བའི་ཚན་ཆུང་གི་ཚན་གཙོ་ཧོ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཚན་རིག་དང་མཐུན་པའི་ངང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་པ་དང་། འགོག་སྡོམ་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཐད་རེ་བ་གསལ་བོ་བཏོན་ནས། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཙོ་གནད་ས་ཁུལ་གྱི་རིམས་ནད་ཚར་གཅོད་དམག་འཐབ་བཟང་བོར་སྤེལ་བ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་གཅིག་འདོམས་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་སྒུལ་ཤུགས་ཆེན་པོ་བསྣན། ཏང་ཀྲུང་དབྱང་གི་རིམས་ནད་གནས་བབ་ཐད་ཀྱི་ཚན་རིག་གི་བརྡར་གཅོད་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཐབས་ཇུས་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བ་བྱེད་པ། བྱེད་ཐབས་ཉི་ཤུ་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་འགོག་སྡོམ་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། རིམ་པ་བཞིན་གོང་སྤར་བ། ཁྱད་མེད་པ་སོགས་ཀྱི་བྱེད་ཐབས་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོ་བའི་གནོད་པ་ཇེ་ཆུང་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལྟའི་རིམས་ནད་འགོག་སྡོམ་བྱ་བའི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བཟོ་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། རིམ་པ་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་པོ་བཟོ་བ། སྤྱོད་ཚུལ་བསྒྱུར་བ་བཅས་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་མཚོ་སྔོན་བྱ་བའི་ཚན་ཆུང་གི་མཛུབ་ཁྲིད་འོག མི་འདང་སར་ཁ་གསབ་དང་རྩིས་ཐོ་བཟོ་པ། བྱ་བ་ལེགས་སྒྱུར། བྱེད་ཐབས་ཉི་ཤུ་རིམས་ནད་འགོག་སྡོམ་ཐག་གཅོད་ཀྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ལག་བསྟར། ལེགས་སྒྱུར་བྱས་པའི་བྱེད་ཐབས་ལྟར་ཉིང་སྐྱར་བཤེར་འཇལ་དང་རིམས་ནད་ཀྱི་འགོས་ཁུངས་འཚོལ་ཞིབ། ལོགས་བཀར་བཀག་སྡོམ་སོགས་བྱ་བ་ནུས་པ་ལྡན་པའི་སྒོ་ནས་བསྒྲུབ་པ། འགོག་སྡོམ་དྲ་རྒྱ་ཇེ་དམ་དུ་གཏོང་བ། གནད་འགག་གི་དུས་ཚོད་དམ་འཛིན། གཙོ་གནད་ས་ཁུལ་གྱི་རིམས་ནད་འགོག་སྡོམ་ཚར་གཅོད་དམག་འཐབ་བཟང་བོར་སྤེལ་ནས། སྤྱི་ཚོགས་ངོས་ཀྱི་གཙང་སེལ་དམིགས་འབེན་མངོན་འགྱུར་བྱེད་དགོས། འགན་འཁྲི་དང་བརྩེ་སེམས་ལྡན་པའི་སྒོ་ནས་འཚོ་བའི་འགན་སྲུང་དང་དངོས་ཟོག་མཁོ་འདོན་འགན་སྲུང་སོགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱི་ནད་སྟོན་སྨན་བཅོས་སོགས་ཀྱི་དགོས་མཁོ་སྐོང་དགོས། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་བྱེད་པའི་སྔོན་འགྲོའི་འོག་ལས་ཐོན་སླར་གསོ་དང་ཚོང་ལས་སླར་གསོ། སློབ་མགོ་རྩོམ་པར་སྐུལ་འདེད་གཏོང་བ་དང་། འགོག་སྡོམ་བྱེད་ཐབས་ལས་རིམ་རེ་རེ་དང་ལས་རྐང་རེ་རེ། དུས་རིམ་རེ་རེའི་ཁྲོད་ལག་བསྟར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ཁག་སེལ་བར་རོགས་རམ་བྱེད་པ། རིམ་པ་བཞིན་འཚོ་བའི་རང་བཞིན་གྱི་ཞབས་ཞུ་ལས་རིགས་རྒྱུན་ལྡན་ངང་ཚོང་གཉེར་བྱེད་པ། ཡུལ་དངོས་སློབ་ཁྲིད་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་ནས། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་སྔར་ལས་ལེགས་སྒྱུར་བྱས་ནས་ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་ལག་བསྟར་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས།

ལོ་ཙཱ་བ།ཤ་མོ་འཚོ།