རང་ཞིང་ལ་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་དཔེ་སྟོན་ཁེ་ལས11གསར་དུ་བྱུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དེ་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་དཔེ་སྟོན་ཁེ་ལས་སུ་གཏན་འཁེལ་བྱས་པ་དང་། ནུབ་རྒྱུད་གཏེར་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས10རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་སུ་གཏན་འཁེལ་བྱས། དེ་མིན། ཨེ་ཤ་ཡའི་གླིང་གི་ཀོས་རིགས་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས5ལ་བསྐྱར་ཞིབ་བྱས་པ་མ་ཟད། རྒྱལ་ཁབ་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་སུ་སོར་འཇོག་བྱས། རིམ་པ་གསར་བའི་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་དཔེ་སྟོན་ཁེ་ལས་དང་། དགེ་མཚན་ཁེ་ལས་གསོ་སྐྱོང་དུས་ཡུན2022ལོའི་ཟླ10པ་ནས2025ལོའི་ཟླ9བའི་བར་ཡིན།

རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དང་། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གསར་སྐྲུན། བེད་སྤྱོད། སྲུང་སྐྱོབ་དང་དོ་དམ་ཆུ་ཚད་ལ་སྣེ་ཁྲིད་བྱས་ཏེ། ཤེས་བྱའི་བདག་དབང་སྟོབས་ལྡན་ཁེ་ལས་འཛུགས་སྐྲུན་བྱས།《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད》ཀྱི་འཕེལ་རྒྱས་གཙོ་བོའི་ཚད་ཐིག་ལ་དམིགས་ཏེ།《མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་གསོ་སྐྱོང་བྱ་བའི་བྱེད་ཐབས། 2022-2025ལོ།》བཏོན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ཀྱི་ཤེས་བྱའི་བདག་དབང་དཔེ་སྟོན་དགེ་མཚན་ཁེ་ལས་གསོ་སྐྱོང་ཕན་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། སྤུས་ཚད་མཐོ་བའི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། བྱ་བའི་དམིགས་འབེན་དང་གསོ་སྐྱོང་ཁ་ཕྱོགས་གསལ་བོ་བྱེད་པ། རིགས་དབྱེ་ལ་བརྟེན་ནས་རྒྱལ་ཁབ་ཤེས་བྱའི་བདག་དབང་དཔེ་སྟོན་ཁེ་ལས་དང་། ཞིང་ཆེན་རིམ་པའི་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་གསོ་སྐྱོང་བྱ་བར་སྐུལ་འདེད་བཏང་། 《མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཆེད་སྤྱོད་མ་རྩའི་དོ་དམ་བྱེད་ཐབས》སྒོར་བཏོན་ནས། ཁེ་ལས་ཀྱིས་དཔེ་སྟོན་ཁེ་ལས་དང་། དགེ་མཚན་ཁེ་ལས་བརྩོན་པར་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་ཆེད། གསར་དུ་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཤེས་བྱའི་བདག་དབང་དཔེ་སྟོན་ཁེ་ལས་དང་། དགེ་མཚན་ཁེ་ལས་སོ་སོར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མ་དངུལ་སྒོར་ཁྲི10དང་སྒོར་ཁྲི7སྟེར་བ། གསར་དུ་གཏན་ཁེལ་བྱས་པའི་ཞིང་ཆེན་རིམ་པའི་ཤེས་བྱའི་བདག་དབང་དགེ་མཚན་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མ་དངུལ་སྒོར་ཁྲི5སྟེར་བ། ཁྱོན་ཡོངས་ནས་རང་ཞིང་གི་དོན་དངོས་གསར་སྤེལ་དང་ཐོན་སྐྱེད་ནུས་ཤུགས་ལ་ཞིབ་བཤེར་བྱེད་པ། ཤེས་བྱའི་བདག་དབང་དཔེ་སྟོན་དགེ་མཚན་ཁེ་ལས་དེ་ཆེད་སྤྱོད་རེ་ཞུའི་གནད་ཁེལ་དོ་དམ་གྱི་མིང་བྱང་ཁྲོད་བཅུག་སྟེ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་རུ་སྐྱེལ་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།