མཚོ་སྔོན་མཚོ་ནུབ་ཀྱིས་བོད་སོག་སྨན་རྫས་ཞིབ་འཇུག་ཁང་གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་མཉམ་འབྲེལ་གྱིས་བོད་སོག་སྨན་རྫས་ཞིབ་འཇུག་ཁང་དངོས་སུ་གསར་འཛུགས་བྱས་ལ། མ་འོངས་པ་ན་རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་སོག་སྨན་རྫས་ཀྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་མཚོན་ལ། བོད་སོག་སྨན་རྫས་ཚན་རྩལ་ཞིབ་འཇུག་གི་བྱ་བའི་བྱེད་ནུས་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། སོག་བོད་སྨན་རྫས་ཀྱི་བྱ་གཞག་རྒྱུན་འཛིན་གསར་སྐྲུན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཞིབ་འཇུག་ཁང་གིས་མཚོ་ནུབ་ཁུལ་གྱི་མི་རིགས་སྨན་རྫས་ལ་བྱང་ཆ་ཆེ་བའི་ཕུལ་བྱུང་འཇོན་མི་དང་མཚོ་སྐོར་རོགས་སྐྱོར་སྨན་པ་སོགས་ཆེད་མཁས་པ30བསྡུ་རུབ་བྱས་ལ། ཞིབ་འཇུག་ཁང་གིས་གནའ་རབས་ཡིག་ཆ་འཚོལ་བསྡུ་དང་ལེགས་སྒྲིག་གིས་བོད་སོག་སྨན་རྫས་ཀྱི་རྨང་གཞིའི་གཞུང་ལུགས་དང་། སྨན་བཅོས་ལག་རྩལ་ལ་ཞིབ་འཇུག བོད་སོག་སྨན་རྫས་ཀྱི་ལས་སྣོན་དང་། བོད་སོག་སྨན་རྫས་ཀྱི་སྡེབ་སྟངས་ཐད་ལ་གསབ་སྦྱོང་བྱས་པ་མ་ཟད། སྨན་རྫས་ཀྱི་ཐོན་ཁུངས་རྟོག་ཞིབ་སོགས་ཞིབ་འཇུག་ཚན་ཆུང4བཙུགས་ཡོད།

གཞུག་ཕྱོགས་ཀྱི་བྱ་བའི་ཁྲོད་ཞིབ་འཇུག་ཚན་ཆུང་གིས་བོད་སོག་སྨན་རྫས་ཀྱི་སྲོལ་རྒྱུན་གཞུང་ལུགས་དང་དེང་རབས་ནད་ཐོག་ཚན་རྩལ་ཞིབ་འཇུག་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། བོད་སོག་སྨན་རྫས་ཀྱི་སྤུས་ལེགས་ཐོན་ཁུངས་གཅིག་བསྡུས་ཀྱིས་བོད་སོག་སྨན་རྫས་གསོ་རིག་གི་བསམ་བློ་བརྗེ་རེས་ཀྱི་རིག་གཞུང་རྒྱུན་འཛིན་གྱིས་འཇོན་མི་གསབ་སྦྱོང་དང་ཚན་རྩལ་དྲིལ་སྒྲོག རིག་གནས་གསར་འཛུགས་ཀྱིས་བོད་སོག་སྨན་རྫས་ཀྱི་ལག་རྩལ་གསར་པ་ནུས་ཤུགས་གང་ཡོད་ཀྱིས་དར་སྤེལ་བཏང་ནས། ལས་གཞི་གསར་པ་དང་ཁྱད་ལྡན་སྨན་བཅོས་ཞབས་ཞུ། བོད་སོག་སྨན་རྫས་ཀྱི་ཐོན་ཁུངས་རྟོག་ཞིབ་ལ་སྐུལ་འདེད། དཔྱད་གཞིའི་ཡིག་ཆ་ལེགས་སྒྲིག་དང་བསྡུ་རུབ། སྨན་རྫས་བེད་སྤྱོད་ཐད་ལ་གསབ་སྦྱོང་དང་སྨན་རྫས་ཞིབ་འཇུག་སོགས་འབྲེལ་ཡོད་བརྗོད་དོན་གྱི་ཞིབ་འཇུག་བྱ་བར་ཤུགས་བསྣན་ནས། བོད་སོག་སྨན་རྫས་ཀྱི་གཞུང་ལུགས་གསར་སྐྲུན་ཞིབ་འཇུག་གྲུབ་འབྲས་དར་སྤེལ་དང་མངའ་ཁོངས་ཀྱི་མི་རིགས་སྨན་ཁང་གི་སྨན་བཅོས་ཆུ་ཚད་དང་ཚན་རྩལ་ཞིབ་འཇུག་ནུས་པ་མུ་མཐུད་མཐོར་འདེགས་སུ་བཏང་ཡོད།

དེ་དང་ཆབས་ཅིག ཞིབ་འཇུག་ཁང་གིས་བོད་སོག་སྨན་རྫས་ཀྱི་རིག་གནས་དྲིལ་སྒྲོག་གི་གཡུལ་ས་དང་སྒེའུ་ཁུང་གསར་དུ་བསྐྲུན་ནས་བོད་སོག་སྨན་རྫས་ཀྱིས་ཕྱི་འབྲེལ་བརྗེ་རེས་དང་མཉམ་ལས་འཕེལ་རྒྱས་ཐད་ལ་བྱེད་ནུས་གལ་ཆེན་ཐོན་དུ་འཇུག་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།