མཚོ་སྔོན་ཧོར་གྲོང་གིས་ཀྲུང་བོད་སྨན་རྫས་འདེབས་འཛུགས་བྱས་ཏེ་ཕྱུག་འགྱུར་གྱི་ལམ་བུ་བཙལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་སུམ་མདོ་བོད་རིགས་ཡུལ་ཚོའི་ཧྲི་པ་ཏུང་ཀུའུ་སྡེ་བའི་ཁྱིམ་ཚང་རེ་རེའི་གདོང་ལ་དགའ་འཛུམ་གྱིས་ཁེངས་འདུག་པ་མ་ཟད། སྡེ་གྲོང་ཧྲིལ་བོ་བརྩེ་སེམས་ཀྱི་དུད་སྨུག་གིས་བཏིམས་འདུག འཚོ་བར་བདེ་སྐྱིད་ཡོད་ན་དགོད་སྒྲ་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད་ཨང་།

ཕྱུག་འགྱུར་གྱི་ལམ་གསར་པ་གླེང་འོངས་དུས། ཞིང་བ་ཁྱིམ་ཚང་དག་གིས་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་ལ་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད། ལོ་འདི་དག་གི་རིང་ལ། ཧོར་གྲོང་རྫོང་གིས་ཀྲུང་བོད་སྨན་རྫས་ཐོན་ལས་ལ་སྙོམས་སྒྲིག་བྱས་ནས་འདེབས་འཛུགས་སྒྲིག་གཞི་ལེགས་སྒྱུར་བྱས་པ་དང་ཞིང་བའི་ཡོང་སྒོ་འཕར་སྣོན། རྫོང་ཁོངས་ཀྱི་སྤུས་ལེགས་དཔལ་འབྱོར་ཐོན་ལས་གསབ་སྦྱོང་རྟེན་གཞི་གསར་སྐྲུན་དང་ཁེ་ལས་ཀྱི་འགོ་ཁུངས་ལ་གསབ་སྦྱོང་། ཞིང་བར་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་བྱ་བའི་བསམ་ཕྱོགས་གཞིར་བཟུང་སྟེ། ཆབ་སྲིད་ཀྱི་སྣེ་ཁྲིད་དང་ལས་གཞི་ལ་སྐུལ་འདེད། མ་དངུལ་གྱི་རོགས་སྐྱོར། ལག་རྩལ་གྱི་གསབ་སྦྱོང་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས། ཞིང་བ་རྣམས་ཀྱིས་ལྕ་བ་དང་ལྕུམ་རྩྭ། སྲད་དཀར། ཀླུ་བདུད་རྡོ་རྗེ་སོགས་རྩྭ་སྨན་འདེབས་འཛུགས་ལ་ཧུར་ཐག་གིས་སྣེ་ཁྲིད་བྱས། དེ་དང་ཆབས་ཅིག ཞིང་ལས་ཐོན་ལས་ཅན་གྱི་འགོ་ཁུངས་ཁེ་ལས་ལ་སྣེ་ཁྲིད་བརྒྱུད། ཀྲུང་བོད་སྨན་རྫས་དང་ཚན་རྩལ་ཞིབ་འཇུག བཟོ་ལས་ཅན་ཐོན་སྐྱེད། དྲ་རྒྱའི་ཕྱིར་འཚོང་། ཡུལ་སྐོར་མཛེས་ལྗོངས། ཁམས་གཡེང་ལུས་གསོ་སོགས་སྐྱེ་ལྡན་ཐོན་ལས་ལ་ཟུང་འབྲེལ་གྱིས་ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་མཐུད་སྦྲེལ་རྒྱུན་བསྲིངས་ཐད་ནུས་ཤུགས་གང་ཡོད་བཏོན་ནས་རྫོང་ཡོངས་ཀྱི་ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་ལ། གྲོང་གསེབ་དར་སྤེལ་ལ་ཡང་རོགས་འདེགས་ངེས་ཅན་བྱས་ཡོད།

མཚོ་སྔོན་ཞིང་ཆེན་ཧོར་གྲོང་རྫོང་གི་ཤར་ལྷོའི་རྒྱུད་ཀྱི་སུམ་མདོ་བོད་རིགས་ཡུལ་ཚོ་དེ་མཚོ་འཕགས་སྨི2600ནས3900ཡི་བར་མཚམས་སུ་གནས་ཤིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ4ཡིན་ལ། ལྕ་བ་དང་ལྕུམ་རྩྭ་སོགས་ཀྲུང་བོད་སྨན་རྫས་ཀྱི་སྐྱེ་འཕེལ་ཐད་ལ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཆ་རྐྱེན་བསྐྲུན་ཡོད། སྡེ་བའི་ཁྱིམ་ཚང12གྱིས་མཉམ་འབྲེལ་བྱས་ཏེ་རང་སྟེང་ནས་མ་དངུལ་སྒོར་ཁྲི200བསྡུས་ནས་ཧོར་གྲོང་དཔལ་ལྡན་ཞིང་ལས་འདེབས་འཛུགས་ཆེད་གཉེར་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང+རྟེན་གཞི+དུད་ཁྱིམ་བཅས་ཀྱི་ཐོན་ལས་ཅན་ལ་བརྟེན་ནས་ལས་གཉེར་བྱས་ཤིང་། ལས་གཉེར་ཁྲོད་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་དང་ཕྱིར་འཚོང་། ཐོན་སྐྱེད་ལས་གཉེར་བཅས་ཀྱི་འབྲེལ་ཡོད་ལག་རྩལ་ལ་བརྟེན་ནས་བརྡ་འཕྲིན་ཐད་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཡོད། དུས་ད་ལྟའི་བར་གནས་འདིའི་ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་མཐུད་སྦྲེལ་གྲུབ་པ་དང་སྡེ་མི་དག་གིས་ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་ཞིམ་མངར་རོལ་མྱོང་ཐུབ་པ་བྱུང་ཡོད།

འདི་ནི་ཧོར་གྲོང་རྫོང་གི་ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་ཡིན་ལ། རྒྱུས་ལོན་པ་ལས་ཤེས་གསལ་ལྟར་ན། ཧོར་གྲོང་རྫོང་གིས་ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་དང་ཐོག་མའི་ཐོན་ལས་ཡུལ་གྱི་ལས་སྣོན། ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་ཐོན་ལས་དུད་ཁྱིམ་ཆེན་པོ་སོགས་ཀྲུང་བོད་སྨན་རྫས་ཀྱི་འདེབས་འཛུགས་དཔེར་སྟོན་རྟེན་གཞི་མུའུ་ཁྲི3གྱི་ཡན་ལ་སླེབས་ཤིང་། ཐོག་མའི་ཐོན་ལས་ལས་སྣོན་ཏུན་ཁྲི3གྱི་ཡན་ཡོངས་འགྲུབ་བྱུང་ཡོད་ལ། ཐོན་ལས་ཀྱི་རིན་ཐང་སྒོར་དུང་ཕྱུར3.5མངོན་འགྱུར་བྱུང་ཤིང་། ལས་བཟོ་པ་མི་གྲངས་ཁྲི2ཀྱི་ངལ་རྩོལ་ཡོང་འབབ་སྒོར་ཁྲི6000ལྷག་གི་ཡན་ལ་བུད་ཡོད།

ཧོར་གྲོང་རྫོང་གིས་མུ་མཐུད་དུ་རྩྭ་སྨན་གྱི་ས་བོན་ལེགས་འདེམས་བྱས་ཏེ་ནུས་ཤུགས་གང་ཡོད་ཀྱིས་མཚོ་སྔོན་ཞིང་ཆེན་དུ་ཆེས་ཆེ་ཞིང་ཆེས་ལེགས་པོའི་ཀྲུང་བོད་སྨན་རྩྭའི་ས་བོན་འདེབས་འཛུགས་ཀྱི་རྟེན་གཞི་གསར་འཛུགས་བྱས་ཡོད། ས་བོན་གྱི་ཉོ་འཚོང་ཁྲོམ་ར་འཛུགས་སྐྲུན་གྱིས་སྨན་རྩའི་ཐོན་ཚད་ཐད་ལ་རྨང་གཞི་ལེགས་པོ་ཞིག་བཏིངས་འདུག དེ་དང་ཆབས་ཅིག དཔེར་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་དང་སྒྲིག་སྲོལ་ཅན་གྱི་ཐོན་སྐྱེད་ལས་གཉེར་ལ་བརྟེན་ནས་ཧོར་གྲོང་གི་སྨན་རྩྭའི་ཚོང་རྟགས་གསར་སྐྲུན་བྱས་ལ། མཚོ་སྔོན་དུ་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་སྐྱེ་ལྡན་ཀྲུང་བོད་སྨན་རྩྭ་ཕྱིར་གཏོང་བྱེད་གནས་གསར་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།