མཚོ་སྔོན་གྱིས་སྲིད་གཞུང་གི་ཉོ་སྒྲུབ་སྟེགས་བུའི་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། སྲིད་གཞུང་གི་ཉོ་སྒྲུབ་སྟེགས་བུའི་གློག་རྡུལ་ཚོང་ཁང་གི་ཉོ་སྒྲུབ་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས《སྲིད་གཞུང་གི་ཉོ་སྒྲུབ་གློག་རྡུལ་ཚོང་ཁང་གི་དོ་དམ་ལ་སྔར་བས་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)དངོས་སུ་པར་འགྲེམས་བྱས།

《བརྡ་ཐོའི》ནང་ཉོ་སྒྲུབ་མཁན་གྱིས(སྔོན་རྩིས་སྡེ་ཚན)གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱ་དགོས། སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཧྲིལ་པོ་ཐོར་བུར་བསྒྱུར་མི་ཆོག་པ་དང་། གློག་རྡུལ་ཚོང་ར་བརྒྱུད་དེ་འདེམས་སྤྱོད་བྱས་ནས་སྲིད་གཞུང་གི་ཉོ་སྒྲུབ་ལ་གཡོལ་ཐབས་བྱེད་མི་ཆོག ཉོ་སྒྲུབ་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ་དངོས་ཟོག་གི་རིན་ཐང་དང་དངོས་ཟོག་ཞིབ་སྡུར་གྱི་རྩ་དོན་ལྟར་མཁོ་འདོན་ཚོང་པ་དང་ཚོང་ཟོག་ལེགས་འདེམས་བྱེད་དགོས་པ་དང་། ཉོ་སྒྲུབ་བྱེད་མཁན་གྱིས་རིན་གོང་དཔྱད་བསྡུར་དང་གྲོས་བསྡུར་གོང་གཅོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཉོ་སྒྲུབ་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས། གན་རྒྱའི་ནང་ཁ་དན་བཞག་པ་ལྟར་དུས་ཐོག་ཏུ་གན་རྒྱའི་མ་དངུལ་འདང་ངེས་རྩིས་རྒྱག་དགོས་པ་ལས། དོན་མེད་དུ་མངག་ཐོ་གཏན་ཁེལ་དང་གན་རྒྱ་འཇོག་རྒྱུར་ཕྱིར་འགྱངས་བྱས་མི་ཆོག དོན་མེད་དུ་མ་དངུལ་མི་སྤྲོད་པའམ་སྤྲོད་ཡུན་ཕྱིར་འགྱངས་བྱས་མི་ཆོག

《བརྡ་ཐོའི》ནང་ད་དུང་གློག་རྡུལ་ཚོང་ཁང་གི་དཀར་ཆག་དོ་དམ་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱེད་དགོས་པ་ལས། ཚོང་ཁང་ནས་ཐད་ཀར་ཉོ་སྒྲུབ་བྱེད་མི་ཆོག་པའི་རྣམ་གྲངས(དཔེར་ན། ལས་གྲྭ་ཆུང་གྲས་དང་། ཉམས་གསོ། ཞབས་ཞུའི་རིགས་སོགས་ཀྱི་རྣམ་གྲངས)གློག་རྡུལ་ཚོང་ཁང་གི་རྣམ་གྲངས་སུ་རེ་ཞུ་བྱས་མི་ཆོག གློག་རྡུལ་ཚོང་ཁང་དུ་ཞུགས་པའི་མཁོ་སྤྲོད་ཚོང་པའི་ཐོབ་ཐང་དེ་གློག་རྡུལ་ཚོང་ཁང་དུ་ཉོ་ཚོང་བྱེད་པ་ལས་སྲིད་གཞུང་གཞན་དག་གི་ཉོ་སྒྲུབ་བྱེད་སྒོ་དང་དེ་བཞིན་དངོས་གཞིའི་ཚོང་ཁང་གི་བརྡ་ཁྱབ་དྲིལ་སྒྲོག་བྱེད་པར་སྤྱད་མི་ཆོག

《བརྡ་ཐོའི》ནང་གློག་རྡུལ་ཚོང་ཁང་གི་མཁོ་འདོན་ཚོང་པར་ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་བྱ་རྒྱུ་དང་། ཞིང་ཆེན་ནོར་སྲིད་ཐིང་གིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ཉོ་སྒྲུབ་གློག་རྡུལ་ཚོང་ཁང་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་རེད། དུས་འགོའི་ཁྱབ་ཁོངས་ནང་ཚུད་པའི་མཁོ་འདོན་ཚོང་པར་རྒྱུན་རྣམ་ཅན་གྱི་འཐེན་བཤེར་བྱ་དགོས། གལ་ཏེ་མཁོ་འདོན་ཚོང་པས་ཐོ་འགོད་བྱེད་སྐབས་རྒྱུ་ཆ་རྫུན་མ་འདོན་སྤྲོད་བྱས་པ་དང་། གློག་རྡུལ་ཚོང་ཁང་ནང་དུ་ཞུགས་རྗེས་གློག་རྡུལ་ཚོང་ཁང་གི་མཛོད་དུ་འཇུག་པའི་གྲོས་མཐུན་ཡི་གེའི་དུས་བཀག་ལྟར་དུས་ཐོག་ཏུ་ཐོན་རྫས་མཁོ་འདོན་མི་བྱེད་པ་དང་། ལོ་གཅིག་ནང་གི་ཉོ་ཚོང་ཚད་ཐིག་སོགས་གནས་ཚུལ་ཤེས་རྟོགས་བྱུང་ཚེ་གློག་རྡུལ་ཚོང་ཁང་ནང་དུ་ཞུགས་པའི་ཐོབ་ཐང་མེད་པར་བཟོ་དགོས།

གཡང་སྐྱིད་ཀྱིས་བསྒྱུར།