མཚོ་སྔོན་ཞིང་ཆེན་གྱིས“བེམ་རོ་ལྟ་བུའི”སྤྱི་ཚོགས་ཀྱི་ཚོགས་པ634དག་ཐེར་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི“བེམ་རོ་ལྟ་བུའི”སྤྱི་ཚོགས་ཀྱི་ཚོགས་པ་གཙང་སེལ་བྱས་པའི་ཁྲོད་དུ་སྔ་ཕྱི་ཚོགས་པ634གཙང་སེལ་དག་ཐེར་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གྲངས་འབོར་གྱི11%ཟིན།

དག་ཐེར་བྱ་བ་དེ་ནི་ན་ནིང་གི་ཟླ8པ་ནས་བཟུང་མགོ་བརྩམས་ཤིང་།  དེའི་རིང་དུ་ཞིང་ཆེན་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ལོ་བསྟུད་མར་ལོ་བཤེར་མི་བྱེད་པ་དང་། ལས་སྒོ་མི་གཉེར་བ། འབྲེལ་གཏུག་བྱེད་ཐབས་བྲལ་བ་སོགས་གནད་དོན་ཅན་གྱི་སྤྱི་ཚོགས་ཀྱི་ཚོགས་པ་དག་དུས་བཀག་ནང་དག་ཐེར་དང་། ཐོ་ཁུངས་ནས་བསུབ་པ། ཐོ་འགོད་ལས་ཕྱིར་འཐེན་པ། ཐོ་འགོད་དཔང་ཡིག་རྩིས་མེད་དུ་གཏང་བ་ལ་སོགས་པའི་བྱེད་ཐབས་བཏོན་ནས་སྤྱི་ཚོགས་ཀྱི་ཚོགས་པ་ནུས་ལྡན་རིགས་ལ་དག་ཐེར་ཇུས་གཞི་བཏོན་ནས་དག་ཐེར་བྱས་པ་དང་། ཐོ་ཁུངས་བསུབ་མཁན་རང་རྟོགས་ཅན་གྱི་ཚོགས་པར་ཐོ་བསུབ་ཀྱི་གོ་རིམ་སླ་བོར་བཟོས་ནས་ཐོ་ཁུངས་ནས་བསུབ། ཁྲིམས་བཞིན་དུ་ཐོ་འགོད་ཕྱིར་འཐེན་བྱེད་མཁན་དག་གི་ཐོ་འགོད་དཔང་ཡིག་དང་ཐམ་ག་ཕྱིར་བླངས་ཏེ།  ཡིད་རྟོན་ཤོར་བའི་ཁྲིམས་འགལ་མིང་ཐོར་དྲངས་པ་མ་ཟད། ཁྲིམས་བཞིན་དུ་གཞུང་ཕྱོགས་དྲ་ཚིགས་སུ་བསྒྲགས་ནས་སྤྱི་ཚོགས་ཚོགས་པ་ཁ་ཤས་ལ་སྐུལ་འདེབས་བྱས་ཡོད།

སླད་ཕྱིན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས“བེམ་རོ་ལྟ་བུ”སྤྱི་ཚོགས་ཀྱི་ཚོགས་པ་དག་ཐེར་བྱ་བ་རྒྱུན་འཇགས་སུ་གཏང་རྒྱུ་མ་ཟད། 2022ལོར་གསར་དུ་བྱུང་བའི་དེ་ལྟའི་སྤྱི་ཚོགས་ཚོགས་པའི་ལས་སྒོ་གཙོ་གཉེར་ལས་ཁུངས་དང་། ལས་རིགས་དོ་དམ་སྡེ་ཚན། ཏང་འཛུགས་ལས་ཁུངས་བཅས་བར་གྱི་མཐུན་སྦྱོར་དང་རམ་འདེགས་ལ་ཤུགས་བསྣན་ནས་ཁྲིམས་བཞིན་དུ་བྱེད་ཐབས་གནད་ལ་འཁེལ་ཞིང་། ལག་ཐབས་དོན་ལ་སྨིན་པའི་སྒོ་ནས་དག་ཐེར་བྱས་ཏེ། སྤྱི་ཚོགས་ཀྱི་ཚོགས་པའི་འཕེལ་རྒྱས་ཁོར་ཡུག་གཙང་བཟོ་དང་སྤུས་ལེགས་པའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་བྱ་རྒྱུ་རེད།

 ལོ་ཙཱ་བ། ཁོན་ཐར་འཚོ།