མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་མཐུན་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

སྙན་ཞུའི་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་གོ་བ་ཟབ་མོ་ལེན་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་གསར་འབྱེད་བྱེད་པར་གོ་བ་ཟབ་མོ་ལེན་པ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ལ་གོ་བ་ཟབ་མོ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་རེ་བ་རྒྱུན་འཁྱོངས་བྱེད་པའི་ཕྱོགས་བརྒྱད་ལ་གོ་བ་ཟབ་མོ་བླངས་ནས། ཚང་མར་ཕྱོགས་ཡོངས་དང་གོ་རིམ་ལྡན་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱས་བཤད་དང་འགྲེལ་ཀློག་བྱས་པ་དང་། རྒྱུན་མཐུད་སྒོས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བ་དམ་འཛིན་བྱེད་པར་རེ་བ་བཏོན་པ་དང་བཀོད་སྒྲིག་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྐྱོད་ལམ་གསར་བའི་སྟེང་དུ་ཅིས་ཀྱང་འགྱུར་བ་མེད་པའི་སྒོ་ནས་ཏང་གི་མགོ་ཁྲིད་དང་རྒྱལ་ཁབ་ལས་དོན་གྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ལས་རིམ་དུ་དངོས་འབེབས་བཟང་བོ་བྱས་ནས། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་སྲུང་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་དེ་ཅིས་ཀྱང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས། མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་སྟོབས་ཤུགས་ཅིས་ཀྱང་འདོན་སྤེལ་གང་ལེགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་མཉམ་འབྲེལ་བྱས་ནས་ལས་དབང་མཉམ་སྐྲུན་བྱེད་དགོས། ཅིས་ཀྱང་མུ་མཐུད་དུ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་བཏང་ནས། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མི་དམངས་སྲིད་གྲོས་དེ་ཆབ་སྲིད་རྩ་འཛུགས་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བཞག་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་དགོས་པར་མ་ཟད་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་གོང་བཀུར་བྱེད་མཁན་དང་དཔེ་སྟོན་ལག་ལེན་མཁན་བཟང་བོ་བྱེད་དགོས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་དམངས་སྲིད་གྲོས་གྲོས་མོལ་དམངས་གཙོ་དེ་རྒྱ་ཆེ་ཞིང་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་སྲིད་གྲོས་དམངས་གཙོ་ལྟ་སྐུལ་དང་ཨུ་ཡོན་མཉམ་འབྲེལ་ལས་རིགས་ཀྱི་མང་ཚོགས་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་པ་མཱ་ཅི་ཞའོ་དང་ཀྲང་ལིས། ཀྲང་ཞའོ་རོང་། ཕིན་ཡུག་ཏུང་བཅས་སྙན་ཞུའི་ཚོགས་འདུར་ཞུགས།

ལོ་ཙཱ་བ། ཤ་མོ་འཚོ།