མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་གོ་བདུན་པ་བསྡུས།

རང་རེའི་དྲ་བའི་འཕྲིན།ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་གོ་བདུན་པ་བསྡུས་ནས། ཟླ10པའི་ཚེས25ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན། ཟླ11པའི་ཚེས10ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་སྐོར་གྱི་གཏན་ཁེལ་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གྲོས་སྡུར་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་ཡིས་མགོ་འཛིན་བྱས་པར་མ་ཟད་རེ་བ་བཏོན། མཱ་ཝེ་དང་ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་དུ་ཞུགས།

ཚོགས་ཐོག་ནས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་དང་། དུས་རབས་གསར་པའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་འགན་སྲུང་ཡིན་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་སྲུང་སྐྱོང་བྱེད་པའི་སྐོར་གྱི་རེ་བ་སྣ་ཚོགས་མཐའ་གཅིག་ཏུ་ལག་བསྟར་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དམངས་ཆེན་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡན་ཨན་གསར་བརྗེའི་རྗེས་དྲན་ས་ཆར་མཇལ་བ་དང་ཧྲན་ཞི་ཡན་ཨན་དང་ཧི་ནན་ཨན་དབྱང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་པོ་དང་། བློ་བརྟན་འགྱུར་མེད་ཀྱིས་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ནམ་ཡང་གཅིག་གྱུར་མཐོན་པོ་བྱས་ཏེ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་ལག་བསྟར་བཟང་བོ་བྱེད་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཁྲིམས་འཛུགས་འགན་སྲུང་མཐོར་འདེགས་གཏོང་བ་དང་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། བྱ་བའི་ལག་བསྟར་ལ་ཞིབ་འཇུག་བྱེད་པའི་སྟེང་ཤུགས་འདོན་པ་དང་ཕན་འབྲས་བརྩོན་ལེན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་ལས་འགན་ལག་བསྟར་ནན་མོ་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།