【འཐབ་ལམ་གསར་པར་འབད་པས་སྐྱོད། དུས་རབས་གསར་པར་བྱས་རྗེས་འཇོག】

— རང་ཞིང་གི་ཡུལ་ཚོ་དང་གྲོང་རྡལ་ཡོད་ཚད་ལ་སྲ་འགྱུར་ལམ་གཏོང་རྒྱུ་མངོན་འགྱུར་བྱུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་མ་རྐང་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སིས“དྲ་སྟེང་བརྙན་ལམ་གྲོས་ཚོགས+དྲ་ལམ་མ་ཡིན་པའི་ཡུལ་དངོས་ཞིབ་བཤེར”གྱི་བྱེད་ཐབས་སྤྱད་དེ། G345ལམ་ཐིག་གི་རྫ་སྟོད་ནས་ཁྲ་བོ་ལའི་གཞུང་ལམ་ལེགས་བཅོས་བཟོ་སྐྲུན། ལྕི་སྟོད་ནས་ཁྲ་འདམ་ཡུལ་ཚོའི་བར་གྱི་སྤྱི་ལེ121གི་ལམ་ཐིག་ལ་ཞིབ་བཤེར་ཡོངས་འགྲུབ་བྱུང་བ་དང་། འདིས་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཇུག་མཐའི་སྲ་འགྱུར་གཞུང་ལམ་མེད་པའི་ཡུལ་ཚོ་དང་གྲོང་རྡལ་ལ་སྲ་འགྱུར་ལམ་ཡོངས་སུ་བཏིངས་ནས་ཚར་ཟིན་པ་མཚོན་ཡོད།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། ས་རྒྱུའི་ཆ་རྐྱེན་ཅུང་རྙོག་འཛིང་ཡིན་པའི་རྐྱེན་གྱིས་བཟོ་སྐྲུན་ལ་དཀའ་ཁག་ཅུང་ཆེ་ཞིང་། སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་ཐབས་ཆག་ཡིན་པ་སོགས་ཀྱི་རྐྱེན་གྱིས་གནས་མཐའ་འཁོབ་འབྲོག་སྡེ་ཡི་ཡུལ་ཚོ་དང་གྲོང་རྡལ་ལ་སྲ་འགྱུར་ལམ་མེད་པ་རེད། ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ནུས་ཤུགས་མུ་མཐུད་ཆེས་ཆེར་བཏང་པ་དང་། ཞིང་ཆེན་ནང་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་དག་ལ་སྦྲེལ་ནས། མཐོ་སྒང་གི་མཐའ་འཁོབ་ཡུལ་ཚོ་དང་གྲོང་རྡལ་དག་ལ་སྲ་འགྱུར་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་ཟིའིG345ལམ་ཐིག་གི་རྫ་སྟོད་ནས་ཁྲ་བོ་ལའི་བར་གྱི་གཞུང་ལམ་ལེགས་བཅོས་བཟོ་སྐྲུན་རྣམ་གྲངས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་མཱ་ཞའོ་ཅོན་གྱིས་ངོ་སྤྲོད་བྱ་རྒྱུར། G345ལམ་ཐིག་གི་རྫ་སྟོད་ནས་ཁྲ་བོ་ལའི་བར་གྱི་གཞུང་ལམ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་མངའ་ཁོངས་སུ་ཡོད་པ་དང་། ཆ་སྙོམས་བྱས་ན་མཚོ་འཕགས་སྨི4600ཡིན་ལ། ལམ་ཐིགG214དང་ལམ་ཐིགG215 ལམ་ཐིགG109བཅས་བར་གྱི་མཐུད་སྦྲེལ་ལམ་ཐིག་གཙོ་བོ་ཞིག་ཀྱང་ཡིན། མཚོ་སྔོན་ནས་བོད་ལྗོངས་ལ་འཐེན་པའི་ཞིང་ཆེན་བརྒལ་བའི་གཞུང་ལམ་ཡང་ཡིན། དེའི་མི་ཚད་ཡུལ་ཤུལ་ས་ཁུལ་གྱི་ཤར་ནུབ་ཕྱོགས་སུ་འཐེན་པའི་གཞུང་ལམ་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་འགྲིམ་འགྲུལ་ལས་སྣོན་ཞིབ་བཤེར་ལམ་ཐིག་གི་འཛུགས་སྐྲུན་ལ་སྤྱི་ལེ121ཡོད་པ་དང་གཞུང་ལམ་གྱི་རིམ་པ་གཉིས་པའི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཐེངས་འདིའི་བཅོས་སྒྱུར་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཆེས་མཇུག་མཐའི་གཞུང་ལམ་མེད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་གི་ཨག་སྟོད་དང་ཁྲ་འདམ། སྨུག་གཞུང་བཅས་ཡུལ་ཚོ་དང་གྲོང་རྡལ་གསུམ་ལ་གཞུང་ལམ་ཤར་གཏོང་མངོན་འགྱུར་བྱུང་ཡོད། གཞུང་ལམ་དེས་སྲིད་འཛིན་སྡེ་བ12གྱི་རོང་འབྲོག་མང་ཚོགས7000ལྷག་གི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད། ལམ་ཐིགG345གི་རྫ་སྟོད་ནས་ཁྲ་བོ་ལའི་བར་གྱི་གཞུང་ལམ་ལེགས་བཅོས་བཟོ་སྐྲུན་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་བོ་འཛུགས་སྐྲུན་བྱས་རྗེས། མངའ་ཁོངས་ཀྱི་ལམ་དྲའི་སྒྲིག་གཞི་མཐོར་འདེགས་སུ་བཏང་པ་དང་གནོད་སེལ་གནོད་འགོག་ནུས་པར་ཤུགས་སྣོན་བྱེད་པ། གྲོང་གསེབ་དར་སྤེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་ངེས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།