ཞིན་ཁྲང་ཞིང་གིས་རིམས་ནད་འགོག་ཟོན་དང་ཚོད་འཛིན་གྱི་བྱེད་ཐབས་གསར་པ་མཐའ་གཅིག་ཏུ་དོན་འཁྱོལ་བྱ་དགོས་ཞེས་བསྟན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས13ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྟངས་ལེགས་སྒྱུར་བྱས་པའི་བྱེད་ཐབས་ཉི་ཤུ་ལག་བསྟར་ཏན་ཏིག་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱི་ཁེ་ལས་དང་། སྡེ་ཁུལ། སློབ་གྲྭ ལོགས་བཀར་བྱེད་ས་སོགས་སུ་བསྐྱོད་ནས་ལྟ་སྐུལ་སློབ་སྟོན་དང་བརྟག་ཞིབ་བྱས།  བརྟག་ཞིབ་ཀྱི་ཁྲོད་དུ་འདི་སྐད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྟངས་ལེགས་བསྒྱུར་གྱི་བྱེད་ཐབས་དོན་ཚན་ཉི་ཤུ་ཅན་ཅན་དེ་དོན་འཁྱོལ་གནད་དུ་འཁེལ་ཞིང་། ཞིབ་ཅིང་ཚགས་པའི་སྒོ་ནས་རྒྱུན་ཆད་མེད་པར་ལག་བསྟར་དང་། འགན་འཁྲི་ནན་འཛིན་དང་། འགན་འཁྲི་རིམ་དབྱེ། སྲིད་ཇུས་རིགས་དབྱེ་ནང་བཞིན་ལག་བསྟར་མཐའ་འཁྱོངས་དགོས་མ་ཟད། འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཇེ་ཆེ་བཏང་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་ཅི་མགྱོགས་ཀྱིས་སླར་གསོ་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་ལྷོ་ཐང་བཟོ་ལས་གླིང་ཁུལ་ཨ་ཐེ་སི་འོད་ཧྥུ་ཚན་རྩལ་ཚད་ཡོད་ཀུང་སིར་བསྐྱོད་དེ། ཁེ་ལས་ཀྱི་རིམས་ནད་འགོག་ཟོན་དང་ཐོན་སྐྱེད་གཉེར་སྐྱོང་བྱས་ཚུལ་ལ་ཉན། ཁོས་འདི་སྐད། ཕན་འབྲས་ཆེ་ལ་གཅིག་གྱུར་གྱི་འཆར་འགོད་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་དགོས་ཞེས་པ་གཙོ་བོ་ཁེ་ལས་ལ་དམིགས་ནས་བཤད་པ་ཡིན་པས། “གླིང་ཁུལ་རེར་ཐབས་ཇུས་རེ་”དང་“ཁེ་ལས་རེར་ཐབས་ཇུས་རེ་”དགོས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་དགོས་པ་དང་། དོ་དམ་རིམ་པ་ནས་འཁོར་ཁང་དང་ཚོ་ཆུང་དང་། ལས་གནས་དང་པོའི་ལས་བཟོ་པའི་བར་གྱི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ནས་འགག་རྩའི་ལས་གནས་དང་འགག་རྩའི་ལས་རིམ་གྱི་ལས་རེས་གྲབས་གཤོམ་ལམ་ལུགས་འཐུས་ཚང་བཟོས་ནས་ལས་རིམ་རེ་རེ་དང་། ལས་གནས་རེ་རེ་སྟེང་གི་རིམས་ནད་འགོག་ཟོན་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། འཕེལ་རྒྱས་ལ་ཡིད་ཆེས་བརྟན་པོ་བཅིངས་ནས་སྲིད་ཇུས་ཀྱི་གོ་སྐབས་ལ་སྟངས་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀ་སླར་གསོ་དང་རྒྱུན་གཏན་གྱི་ཐོན་སྐྱེད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། གླིང་ཁུལ་གྱིས་མ་སྐུལ་རང་རྟོགས་ཀྱི་སྒོ་ནས་ཞབས་འདེགས་ལས་ཀ་སྔ་མོ་ནས་བཀོད་སྒྲིག་བརྒྱབ་ནས་ཁེ་ལས་ཀྱིས་ཐོན་སྐྱེད་རྒྱུ་རྐྱེན་མི་འདྲ་བ་སོ་སོར་འགན་ལེན་ཐུབ་པར་ཤུགས་བསྣན་དགོས།

“ཉི་མ་རེ་ལ་ཚགས་ཤ་དང་ལུག་ཤ་སོས་པ་མཁོ་འདོན་བྱེད་ཐུབ་བམ” “ཕྱུགས་རིགས་ཅི་བྱས་དབོར་འདྲེན་བྱེད་པ་ཡིན” ཞེས་ཞིན་ཁྲང་ཞིང་གིས་རྒྱལ་ཁབ་དབྱི་སི་ལམ་ནོར་ལུག་གསོག་འཇོག་མཛོད་མཚོ་སྔོན་ཡུས་ཐའེ་འབྲོག་ལས་ཐོན་རྫས་ཚད་ཡོད་ཀུང་སིར་བཅར་ནས་འབྲེལ་ཡོད་གནས་ཚུལ་ལ་འདྲི་རྩད་ཞིབ་ཚགས་བྱས་རྗེས་འདི་སྐད། དུས་ཐོག་ཏུ་ཁྲོམ་རའི་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ཏེ། དངོས་ཟོག་གྲབས་གསོག་ཐད་བཀོད་སྒྲིག་ཡག་པོ་བརྒྱབ་ནས་གསོན་ཕྱུགས་སྐྱེལ་འདྲེན་དང་། བཤས་ཤ་གཏོང་འདྲེན། ཐ་མའི་ལས་སྣོན་སོགས་གོ་རིམ་སོ་སོའི་རིམས་འགོག་བྱེད་ཐབས་ལ་ཤུགས་བསྣན་ནས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཇེ་ཆེར་གཏང་དགོས་ཞེས་ནན་བཤད་བྱས། པེ་ཅིང་ཞིན་ཧྭ་ལིན་ཀྲུང་ཧྥ་ཡོན་གྱི“མཐོངས་ཡངས་སྒོ་རྩིས་ཚོང་ཁང”དུ་གྲོང་མིས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་འཚོ་བའི་མཁོ་ཆས་ཉོ་བཞིན་ཡོད། ཞིན་ཁྲང་ཞིང་གིས་ལས་དོན་པར་ནམ་ཟླ་ཉིན་བཞིན་ཇེ་འཁྱགས་ཡིན་པས་མཁོ་སྤྲོད་ས་ཚིགས་དེ་ཉིན་ཕྱོགས་སུ་བཀོད་སྒྲིག་བྱས་ན་འགོག་ཟོན་ཚོད་འཛིན་དེ་བས་ཞིབ་ཚགས་པ་དང་ཞབས་ཞུ་དེ་བས་ལེགས་པོ་འདོན་ཐུབ་ཟེར། མཁར་དཀྱིལ་གྱི་ཙུང་ཀྲའེ་གྲོང་རྡལ་ཕུང་ཙེ་སྡོད་ཁུལ་གྱི་ཐོག་ཁང2ཉེན་ཁ་ཆེ་ཁུལ་དུ་གཏན་འཁེལ་བྱས་ཡོད། ཞིན་ཁྲང་ཞིང་གིས་ཉེན་ཆེའི་ཁུལ་གྱི་དབྱེ་འབྱེད་ཚད་གཞི་ལ་གཞིགས་ནས་ཞིབ་བསྡུར་ནན་པོ་བྱས་རྗེས། དོ་དམ་དང་ཚོད་འཛིན་གནད་ཐོག་ཏུ་འཁེལ་དགོས་པ་ལས་གང་བྱུང་དུ་ཚོད་འཛིན་གྱི་ཁྱབ་ཁོངས་ཇེ་ཆེར་གཏང་མི་ཆོག་ལ། ཆ་རྐྱེན་དང་མཐུན་ཚེ་དུས་ཐོག་ཏུ་སྒོ་རྒྱ་གློད་དགོས། “སྔ་བ་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ། རྨང་གཞིའི་ལས་ཀ་ཏན་ཏིག་ཞིབ་ཚགས་ངང་བསྒྲུབས་ཏེ་གཅིག་གཅིག་རྩ་མེད་དུ་བཟོས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་ངང་སླར་གསོ་བྱེད་དགོས་ཞེས་བསྟན།

མཁར་ཤར་གྱི་ཕྱོགས་བསྡུས་ལོགས་བཀར་བྱེད་སར་བཅར་ནས་དེ་གའི་ཆེད་མངག་ལས་ཀ་བར་འབྲེལ་འདྲིས་བྱེད་པ། 

ལས་ཁུངས་དང་མི་ཚོགས་གཙོ་བོར་སྲུང་སྐྱོང་ཡག་པོ་བྱ་དགོས་པ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་འགངས་ཆེན་རེད། ཟི་ལིང་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་ཞིན་ཁྲང་ཞིང་གིས་མི་སྣའི་ལས་རེས་དང་བདེ་ཐང་འགན་ལེན་སོགས་ཀྱི་གནས་ཚུལ་ལ་གསལ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་དམིགས་བསལ་ཁྱབ་ཁོངས་དང་དམིགས་བསལ་ཚོགས་སྤྱི་ལ་དམིགས་ཏེ་ཆེད་མངག་ལས་རེས་ཀྱི་ལམ་སྲོལ་ལ་ཤུགས་བསྣན་ཏེ། བདེ་འཇགས་ཀྱི་སྒོ་ནས་དུས་ཐོག་ཏུ་དངོས་ཟོག་འདང་ངེ་བཀོད་སྒྲིག་བྱེད་དགོས་པ་དང་། སྨན་ལ་བསྟེན་དགོས་པའི་ནད་པར་ཤར་བགྲོད་ལམ་བུ་ཕྱེས་ནས་ཕྱོགས་སོ་སོའི་འགན་སྲུང་ལ་ཤུགས་བསྣན་དགོས་ཞེས་བསྟན། མཚོ་སྔོན་སློབ་ཆེན་གསོ་རིག་པུའུ་ཁུ་ནུ་ལམ་གྱི་སློབ་ཁུལ་དུ་ཞིན་ཁྲང་ཞིང་གིས་འདི་སྐད། སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ལ་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས་ལས་ཀའི་ཇུས་གཞི་ཞིབ་ཅིང་ཕྲ་ལ། ཡང་དག་པ་ཞིག་བཟོས་ཏེ། སློབ་འགོ་ཚུགས་པའི་སྔོན་ཇུས་འཐུས་ཚང་ཞིག་བཟོ་དགོས་པ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་བཙུགས་ཏེ། སློབ་གྲྭའི་བདེ་ཐང་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྲུངས་ནས་སློབ་ཁྲིད་བདེ་བླག་ངང་སླར་གསོ་ཐུབ་པར་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་བསྟན།  མཁར་ཤར་ཆུས་ཀྱི་གཅིག་སྡུད་ལོགས་བཀར་བྱེད་སར་ཞིན་ཁྲང་ཞིང་གིས་འདི་སྐད། རྒྱུན་གཏན་གྱི་དུག་སེལ་དང་། བདེ་ཐང་ལྟ་ཞིབ་ཚད་ལེན། མི་སྣ་རྩིས་སྤྲོད་རྩིས་ལེན་སོགས་ལས་ཀ་ཚན་རིག་དང་མཐུན་པའི་ངང་ཡག་པོ་བསྒྲུབ་ཏེ། ལོགས་བཀར་མི་སྣར་རོགས་རམ་དང་སེམས་གསོ་སོགས་བྱེད་ཞོར་རང་ཉིད་ཀྱི་འགོག་ཟོན་ལ་དང་དོད་དགོས་པ་དང་། ལས་ཀ་རེས་མོས་ཐོག་ངལ་གསོ་ཡག་པོ་རྒྱག་དགོས་པའི་སྐོར་ཆེད་ལས་ལས་དོན་པར་ཡར་སྐུལ་བྱེད་དགོས་ཞེས་མངགས་བཅོལ་བྱས།

ཀྲུའུ་ཞང་ཧྥུན་ཚོགས་འདུར་ཞུགས།

ལོ་ཙཱ་བ། ཁོན་ཐར་འཚོ།