པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་ཐབས་སྔར་ལས་ལེགས་སྒྱུར་བྱས་ཏེ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འགོག་ཟོན་བྱ་བ་བཟང་བོར་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ།

པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་ཐབས་སྔར་ལས་ལེགས་སྒྱུར་བྱས་ཏེ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འགོག་ཟོན་བྱ་བ་བཟང་བོར་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ(མགོ་ཁྲིད་ཚན་ཆུང་དང་བཀོད་འདོམས་པུའུ།) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་ཁོངས་གཏོགས་ལས་ཁུངས་སོ་སོ་ལགས།

པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རང་རྒྱལ་གྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱི་ནས་ནང་ལ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པ་རྒྱུན་འཁྱོངས་བྱས་པ་དང་། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱས་ལ། དུས་བབ་དང་གནས་བབ་ལ་བསྟུན་ནས་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ཞིང་། འཛམ་གླིང་ཡོངས་སུ་སྐོར་ཐེངས་མང་པོར་རིམས་ནད་མཆེད་པའི་བརྡབ་གསིག་ལ་ཧུར་ཐག་སྒོས་ཁ་གཏད་འཇལ་ནས། ཚད་མཐོན་པོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཞིབ་འཇུག་བྱས་ཏེ་འགོག་སྡོམ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་བཀོད་སྒྲིག་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ་དང་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱེད་པ་ལག་བསྟར་བཟང་བོ་བྱེད་ཆེད། འབྲེལ་ཡོད་བྱ་བའི་སྐོར་ནས་བརྡ་བཏང་བ་གཤམ་གསལ་ལྟར།

དང་པོ། ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ། ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བཟང་པོ་བྱེད་དགོས།

མིག་སྔར་པྲོག་གསར་ནད་དུག་སྔར་བཞིན་རྒྱུན་མཐུད་ངང་རྒྱུད་འགྱུར་འབྱུང་བཞིན་ཡོད་ཅིང་། འཛམ་གླིང་སྟེང་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་ལ། རྒྱལ་ནང་དུའང་རིམས་ནད་ཡང་ནས་ཡང་དུ་འབྱུང་བཞིན་ཡོད། རང་རྒྱལ་ནི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཉམས་ཞན་ཅན་གྱི་མི་ཚོགས་མང་པོ་ཡོད་པ་དང་ས་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་ལ། སྨན་བཅོས་ཐོན་ཁུངས་ཀྱི་བསྡོམས་འབོར་གྱིས་མི་འདང་བ། ས་ཁུལ་ཁ་ཤས་ཀྱི་རིམས་ནད་སྔར་བཞིན་གཞི་ཁྱོན་ཅན་གྱི་རྣམ་པར་གནས་ཡོད་པར་མ་ཟད། ནད་དུག་རྒྱུད་འགྱུར་དང་གནམ་གཤིས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ་བཅས་ཀྱི་དབང་གིས། རིམས་ནད་མཆེད་པའི་ཁྱབ་ཁོངས་དང་གཞི་ཁྱོན་སྔར་ལས་ཆེ་རུ་འགྲོ་སྲིད་པ་དང་། རིམས་ནད་འགོག་སྡོམ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་ཡག་པོར་སྒྲུབ་དགོས། ནད་དུག་མགྱོགས་མྱུར་ངང་མཆེད་པའི་ཁྱད་ཆོས་དང་བསྟུན་ནས་མགྱོགས་མྱུར་ངང་བཀག་འགོག་བྱས་ཏེ་སྔར་ལས་བློ་ཐག་ཆོད་དང་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱོད་དགོས་པ་དང་། རིམས་ནད་རྒྱ་ཁྱབ་ངང་རྒྱ་ཡན་དུ་འགྲོ་བར་བཀག་འགོག་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཙོ་གནད་ས་ཁུལ་གྱི་རིམས་འགོག་དམག་འཐབ་ཡག་པོར་རྒྱག་དགོས། ས་གནས་སོ་སོ་དང་ས་ཁུལ་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པའི་སྤྱིའི་ཇུས་གཞི་དོན་འཁྱོལ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་དོན་འཁྱོལ་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་བརྟན་འཇགས། འཕེལ་རྒྱས་བདེ་འཇགས་བཅས་ཀྱི་བླང་བྱ་ལྟར། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ནུས་ལྡན་པར་གཅིག་འདོམས་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་བཏང་ནས། རིམས་འགོག་བྱེད་ཐབས་ལེགས་སྒྱུར་བྱེད་པ་ནི་རིམས་འགོག་ལྷོད་ཡངས་སུ་བཏང་བ་མིན་ལ། གློད་པ་དང་སྣང་མེད་དུ་འཇོག་པ་དེ་ལས་ཀྱང་མིན་པར་ངོས་འཛིན་གསལ་བོ་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་རྣམ་པ་གསར་བ་དང་པྲོག་གསར་ནད་དུག་རྒྱུད་འགྱུར་གྱི་ཁྱད་ཆོས་གསར་བ་དང་གོམས་པར་བྱེད་དགོས། གཏན་ཁེལ་བྱས་པའི་འགོག་སྡོམ་བྱེད་ཐབས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། རིམས་འགོག་གི་ཚན་རིག་རང་བཞིན་དང་གནད་ཁེལ་རང་བཞིན་མཐོར་འདེགས་བཏང་ནས་ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་དགོས།

གཉིས་པ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དངོས་འབེབས་བྱས་ཏེ། རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱ་བ་ཧུར་ཐག་བརྟན་བརླིང་གིས་དམ་འཛིན་ནན་མོ་བྱེད་དགོས།

ཏང་ཀྲུང་དབྱང་གི་རིམས་ནད་འགོག་སྡོམ་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པའི་ཐད་བཏོན་པའི་བྱེད་ཐབས་ཉི་ཤུའི་བཀོད་སྒྲིག་གལ་ཆེན་དང་། བླང་བྱ་གསལ་བོ་བཏོན་པར་ཁ་གཏད་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལེགས་སྒྱུར་བྱེད་ཐབས་སོ་སོ་ཆད་ལུས་མེད་པར་དངོས་འབེབས་དོན་འཁྱོལ་བྱེད་དགོས།

(གཅིག)འབྲེལ་འདྲིས་དམ་ཟབ་མཁན་གྱི་ཉིན་བདུན་རིང་གི་གཅིག་བསྡུས་ལོགས་བཀར་དང་ཉིན་གསུམ་རིང་ཁྱིམ་དུ་བསྡད་ནས་བདེ་ཐང་ཞིབ་བཤེར་ཚད་ལེན་བྱེད་པའི་དོ་དམ་བྱེད་ཐབས་ཏེ་ཉིན་ལྔའི་རིང་གི་གཅིག་བསྡུས་ལོགས་བཀར་དང་ཉིན་གསུམ་གྱི་ཁྱིམ་སྡོད་བདེ་ཐང་ཞིབ་བཤེར་ཚད་ལེན་དུ་བསྒྱུར་བ་དང་། དེའི་སྐབས་སུ་ཨང་རིས་སྟེར་བའི་དོ་དམ་བྱེད་རྒྱུ་ཡིན་ལ་སྒོ་ཕྱི་རུ་འགྲོ་མི་ཆོག གཅིག་བསྡུས་ལོགས་བཀར་གྱི་སྨན་བཅོས་ལྟ་ཞིབ་བྱ་བའི་ཉིན་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ་བཅས་སུ་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་རེ་བྱེད་རྒྱུ་དང་ཁྱིམ་སྡོད་ལོགས་བཀར་གྱི་སྨན་བཅོས་ལྟ་ཞིབ་བྱ་བའི་ཉིན་དང་པོ་དང་ཉིན་གསུམ་པར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱེད་དགོས།

(གཉིས)འབྲེལ་འདྲིས་དམ་ཟབ་མཁན་དུས་ལྟར་གཏན་ཁེལ་བྱེད་པ་དང་དེ་དང་འབྲེལ་འདྲིས་བྱེད་མཁན་རྩད་གཅོད་བྱེད་རྒྱུ་མིན།

(གསུམ)ཉེན་ཁ་ཆེ་བའི་ས་ཁུལ་ནས་ཐོན་པའི་མིར་ཉིན་བདུན་གྱི་གཅིག་བསྡུས་ལོགས་བཀར་བྱེད་པ་དེ་ཉིན་བདུན་གྱི་ཁྱིམ་སྡོད་ལོགས་བཀར་དུ་བསྒྱུར་བ་དང་། དེའི་སྐབས་སུ་ཨང་རིས་སྟེར་བའི་དོ་དམ་བྱེད་རྒྱུ་ཡིན་ལ་སྒོ་ཕྱི་རུ་སོང་མི་ཆོག ཁྱིམ་དུ་སྡོད་པའི་ཉིན་དང་པོ་དང་། གསུམ་པ། ལྔ་པ། བདུན་པ་བཅས་ལ་ཉིང་སྐྱུར་བཤེར་འཇལ་རེ་བྱེད་དགོས།

(བཞི) ཉེན་ཁའི་ས་ཁུལ་དེ་མཐོ་འབྲིང་དམའ་གསུམ་ནས་མཐོ་དམའ་རིགས་གཉིས་སུ་བསྒྱུར་ནས་ཚད་མཐོན་པོས་འགོག་སྡོམ་མི་སྣ་ཇེ་ཉུང་དུ་གཏོང་དགོས། རྩ་དོན་ཐོག་ནས་རིམས་ནད་འགོས་མཁན་གྱི་སྡོད་གནས་དང་དེ་མིན་རིམས་ནད་མཆེད་པར་ཉེན་ཁ་ཆེ་བའི་བྱ་བ་སྒྲུབ་ས་དང་འགྲོ་འོང་བྱེད་ས་སོགས་ཁུལ་ཁོངས་དེ་ཉེན་ཁ་ཆེ་བའི་ས་ཁུལ་དུ་གཏན་འཁེལ་བྱེད་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་སྤྱིར་བཏང་དུ་ཁང་ཚན་དང་ཐོག་ཁང་བགར་ནས་གཏན་འཁེལ་བྱེད་པ་ལས་གང་འདོད་དུ་རྒྱ་བསྐྱེད་མི་རུང་། ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་པའི་རྫོང་སོགས་ས་ཁུལ་གཞན་པ་དེ་ཉེན་ཁ་ཆུང་བའི་ས་ཁུལ་དུ་གཏན་འཁེལ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་དུ་བསྟུད་མར་ཉིན་ལྔ་ལ་རིམས་ནད་འགོས་མཁན་མ་བྱུང་ན། ས་དེ་ཉེན་ཁ་ཆུང་བའི་ས་ཁུལ་དུ་གཏན་འཁེལ་བྱེད་དགོས། གློད་པའི་ཆ་རྐྱེན་དང་འཚམ་པའི་ཉེན་ཁ་ཆེ་བའི་ས་ཁུལ་དག་དུས་ཐོག་ཏུ་གློད་དགོས།

(ལྔ།) གདུབ་ཟུམ་གྱི་རྣམ་པས་བྱ་བ་བསྒྲུབས་རྗེས་ཀྱི་ཉེན་ཁ་ཆེ་བའི་ལས་ཞུགས་མི་སྣ་ལ“ཉིན་བདུན་གྱི་ནང་གཅིག་སྡུད་ལོགས་བཀར་བྱེད་པ་དང་ཡང་ན་ཉིན་བདུན་གྱི་རིང་ལ་རང་ཁྱིམ་ནས་ལོགས་བཀར་བྱེད་པའི”ཐག་གཅོད་དེ“ཉིན་ལྔའི་རིང་ཁྱིམ་དུ་བཀག་ནས་བདེ་ཐང་ལ་ལྟ་ཞིབ་ཚད་ལེན”བྱེད་པར་བསྒྱུར་བ་དང་། དེའི་རིང་ཨང་རིས་སྤྲད་ནས་དོ་དམ་བྱེད་རྒྱུ་དང་། སོ་སོར་ཉིན་དང་པོ་དང་གསུམ་པ། ལྔ་པ་བཅས་ལ་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱེད་དགོས། དགོས་གལ་མེད་ན་རང་ཁྱིམ་ནས་ཕྱི་རུ་མི་འགྲོ་བ་དང་། ཕྱི་ལ་ངེས་པར་དུ་འགྲོ་དགོས་ཚེ་མི་མང་འདུ་ས་རུ་མི་འགྲོ་རྒྱུ་དང་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ནང་དུ་མི་འདུག་རྒྱུ།

(དྲུག) རིམས་ནད་མ་བྱུང་བའི་ས་ཁུལ་གྱིས་རིམས་ནད་འགོག་སྡོམ་ཇུས་གཞི་པར་ཐེངས་དགུ་པ་ལས་གཏན་འཁེལ་བྱས་པའི་གཞི་ཁྱོན་ལྟར་ཉེན་ཡོད་ལས་གནས་དང་གཙོ་གནད་མི་སྣ་ལ་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་པ་ལས་ཉིང་སྐྱུར་བཤེར་འཇལ་ཁྱབ་རྒྱ་ཆེ་རུ་བཏང་མི་ཆོག སྤྱིར་བཏང་དུ་སྲིད་འཛིན་ས་ཁོངས་ལྟར་མི་སྣ་ཡོངས་རྫོགས་ལ་ཉིང་སྐྱུར་བརྟག་དཔྱད་མི་བྱེད་པར། འགོས་ནད་ཀྱི་འབྱུང་རྩ་དང་མཆེད་ལམ་མི་གསལ་བ་དང་། སྡེ་ཁུལ་དུ་རིམས་ནད་ཁྱབ་ཡུན་རིང་བ་སོགས་རིམས་ནད་ཀྱི་གཏིང་མཐའ་མི་ལོན་པའི་སྐབས་སུ་གཞི་ནས་སྲིད་འཛིན་ས་ཁོངས་ཀྱི་མི་སྣ་ཡོངས་རྫོགས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་དགོས། ཉིང་སྐྱུར་བཤེར་འཇལ་ཚད་ལྡན་དུ་གཏོང་བའི་བྱེ་བྲག་གི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་རྒྱུ་དང་། འབྲེལ་ཡོད་བླང་བྱ་བསྐྱར་སྒྲོག་དང་ཞིབ་ཕྲ་ཅན་དུ་གཏོང་བ། “ཉིན་གཅིག་ལ་བརྟག་དཔྱད་ཐེངས་གཉིས་རེ”དང“ཉིན་གཅིག་ལ་བརྟག་དཔྱད་ཐེངས་གསུམ་རེ”བྱེད་པ་སོགས་ཚན་རིག་དང་མི་མཐུན་པའི་བྱེད་ཕྱོགས་ཡོ་བསྲང་བྱེད་དགོས།

(བདུན།) ཕྱི་རྒྱལ་ནས་རང་རྒྱལ་དུ་ཡོང་བའི་གནམ་གྲུ་འགོག་པའི་རྐྱེན་སྲོལ་མེད་པར་གཏོང་དགོས་པར་མ་ཟད། གནམ་གྲུའི་ནང་མ་བསྡད་སྔོན་གྱི་ཆུ་ཚོད48རིང་གི་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱས་པའི་མཇུག་འབྲས་སྲིབ་གཤིས་ཡིན་པའི་གཏན་འཁེལ་དེ་གནམ་གྲུའི་ནང་མ་བསྡད་སྔོན་གྱི་ཆུ་ཚོད48རིང་གི་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་བྱས་པའི་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་ན་བསྡད་ཆོག་པར་བསྒྱུར་བ་ཡིན།

(བརྒྱད།) རང་རྒྱལ་དུ་ཡོང་བའི་ཚོང་དོན་མི་སྣ་གལ་ཆེན་དང་ལུས་རྩལ་ཚོགས་པ་དང་རྩ་འཛུགས་སོགས་ལ“གནས་ནས་གནས”སུ་བརྒྱུད་འདྲེན་བྱེད་པ་བརྒྱུད་དེ་ལོགས་བཀར་བྱེད་མི་དགོས་པའི་གདུབ་ཟུམ་དོ་དམ་ཁུལ་ནས། ཚོང་དོན་དང་སྦྱོང་བརྡར། འགྲན་སྡུར་སོགས་ཀྱི་བྱེད་སྒོ་སྤེལ་དུ་འཇུག་རྒྱུ་དང་། དེའི་རིང་ལ་ཨང་རྟགས་སྤྲད་དེ་དོ་དམ་བྱེད་དགོས་པ་ལས། དོ་དམ་ཁུལ་དང་ཁ་འབྲལ་མི་རུང་། ཀྲུང་གོ་ཕྱོགས་ཀྱི་མི་སྣ་དོ་དམ་ཁུལ་དུ་མ་སོང་སྔོན་ལ། པྲོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ནས་རིམས་འགོག་ལ་ཤུགས་སྣོན་དགོས་པ་དང་། བྱ་བ་ཡོངས་འགྲུབ་བྱས་རྗེས་ཉེན་ཁའི་ཆེ་ཆུང་ལ་གཞིགས་ནས་དེ་བསྟུན་གྱི་ལོགས་བཀར་དོ་དམ་མམ་ཡང་ན་བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་བྱེད་ཐབས་སྤྱོད་དགོས།

(དགུ) རང་རྒྱལ་དུ་ཡོང་མཁན་གྱི་གདགས་གཤིས་བརྡར་གཅོད་ཚད་གཞི་ནི་ཉིང་སྐྱུར་བཤེར་འཇལ་གྱིCtགྲངས35ལས་ཆུང་དགོས་པ་དང་། གཅིག་བསྡུས་ལོགས་བཀར་ནས་གློད་སྐབས། ཉིང་སྐྱུར་བཤེར་འཇལ་གྱིCtཡི་གྲངས35ནས40ཡིན་པའི་མི་སྣར་ཉེན་ཁ་དཔྱད་འཇོག་བྱེད་དགོས་ལ། ནད་འགོས་པའི་དུས་སྐབས་ལས་ཡོལ་ཡོད་ཚེ། རང་ཁྱིམ་དུ་བཀག་ནས་ཉིན་གསུམ་གྱི་རིང་ལ་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱེད་པ་དང་ཨང་རིས་སྤྲད་དེ་དོ་དམ་བྱེད་པ། ཕྱི་ལ་སོང་མི་ཆོག་པ་བཅས་བྱེད་དགོས།

(བཅུ།) རང་རྒྱལ་དུ་ཡོང་མཁན་ལ“ཉིན་བདུན་གྱི་རིང་གཅིག་བསྡུས་ལོག་བཀར་བྱེད་པ་དང་ཉིན་གསུམ་གྱི་རིང་ལ་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན”བྱེད་པ་དེ“ཉིན་ལྔའི་རིང་ལ་གཅིག་བསྡུས་ལོགས་བཀར་བྱེད་རྒྱུ་དང་ཉིན་གསུམ་གྱི་ནང་ཁྱིམ་སྡོད་ལོགས་བཀར་བྱེད་རྒྱུ”ལ་བསྒྱུར་བ་དང་། དེའི་རིང་ཨང་རིས་སྤྲད་ནས་དོ་དམ་བྱེད་དགོས་པ་ལས་ཕྱི་ལ་སོང་མི་ཆོག རང་རྒྱལ་དུ་ཡོང་མཁན་རྒྱལ་ཁོངས་སུ་ཐོན་མ་ཐག་ནས་ལོགས་བཀར་བྱས་རྗེས། དམིགས་ས་ནས་ཡང་བསྐྱར་ལོགས་བཀར་བྱས་མི་ཆོག གཅིག་བསྡུས་ལོགས་བཀར་གསོ་རིག་ལྟ་ཞིབ་ཀྱི་ཉིན་དང་པོ་དང་གཉིས་པ། གསུམ་པ། ལྔ་པ་བཅས་སུ་སོ་སོར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱེད་རྒྱུ་དང་། ཁྱིམ་སྡོད་ལོགས་བཀར་གསོ་རིག་ལྟ་ཞིབ་ཀྱི་ཉིན་དང་པོ་དང་གསུམ་པ་གཉིས་སུ་སོ་སོར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱེད་དགོས།

(བཅུ་གཅིག) སྨན་བཅོས་ཐོན་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རིམ་དབྱེ་རིགས་དབྱེའི་སྨན་བཅོས་ཇུས་གཞི་དང་ནད་ཐོག་སྨན་བཅོས་ཀྱི་ཚད་གཞི་མི་འདྲ་བའི་ནད་པ་སྨན་ཁང་དུ་ཉར་བའི་ཚད་གཞི། སྨན་བཅོས་ལས་ཁུངས་སོ་སོར་རིམས་ནད་བྱུང་བ་དང་སྨན་བཅོས་མི་སྣར་རིམས་ནད་འགོས་པའི་ཐག་གཅོད་ཇུས་གཞི་བཅས་གཏན་འབེབས་བྱས་ནས། སྨན་བཅོས་མི་སྣ་ཚང་མར་གསོ་སྦྱོང་ཡག་པོ་བྱེད་དགོས། སྨན་ཁང་དུ་སྡོད་པའི་ནད་པར་ཉལ་ཁྲི་དང་ནད་གཞི་ལྗིད་མོའི་རིགས་ཀྱི་ནད་པར་ཉལ་ཁྲི་གྲ་སྒྲིག་ལེགས་པོ་བྱས་ནས་སྐྱོབ་བཅོས་ཐོན་ཁུངས་ཁ་སྣོན་བྱེད་དགོས།

(བཅུ་གཉིས།) གོ་རིམ་ལྡན་པའི་སྒོ་ནས་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་དགོས། རིམས་འགོག་སྨན་ཁབ་རྒྱག་རྒྱུར་མྱུར་དུ་སྐུལ་འདེད་གཏོང་བའི་ཇུས་གཞི་བཟོས་ནས། རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏོང་དགོས་ལ། ལྷག་པར་དུ་རྒན་པ་རྣམས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་དགོས། ཁྱབ་ཆེའི་སྲུང་སྐྱོབ་བྱེད་ནུས་ལྡན་པའི་གོང་རྐྱང་དང་ཡང་ན་གོང་མང་གི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཆོག་མཆན་ཐོབ་པར་སྐུལ་འདེད་གཏོང་དགོས།

(བཅུ་གསུམ།) པྲོག་གསར་གློ་ཚད་སྨན་བཅོས་ཀྱི་འབྲེལ་ཡོད་སྨན་རྫས་མྱུར་དུ་གསོག་འཇོག་བྱེད་དགོས། མཁོ་སྤྲོད་དང་གསོག་འཇོག་ཡག་པོ་བྱས་ནས། ནད་པའི་སྨན་གྱི་དགོས་མཁོ་སྐོང་དགོས་པ་དང་། ལྷག་པར་དུ་ནད་གཞི་ལྗིད་ལ་ཉེན་ཁ་ཆེ་བའི་རིགས་དང་ལོ་ལོན་རྒན་པའི་སྨན་བཅོས་དགོས་མཁོ་སྐོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་ནུས་ལྡན་སྒོས་གསོག་འཇོག་གང་ལེགས་བྱེད་དགོས། མྱུར་སྐྱོབ་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་གསོག་འཇོག་བྱེད་པར་ཤུགས་སྣོན་དགོས།

(བཅུ་བཞི།) གཙོ་གནད་ལས་ཁུངས་དང་གཙོ་གནད་མི་ཚོགས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལོ་ལོན་རྒན་པ་དང་སྤྱིར་བཏང་གི་ནད་ཡོད་པའི་ནད་པ། སྦྲུམ་མ་དང་བྱིས་པ་སྐྱེས་མ་ཐག་པའི་བུད་མེད། ཁྲག་རྒྱུན་བཙག་བཅོས་ཀྱི་ནད་པ་སོགས་མི་ཚོགས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ནས། ཁོ་ཚོའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱེད་པའི་ཇུས་གཞི་བཟོ་དགོས། རྒན་གསོ་ཁང་དང་སྙིང་ཁམས་ནད་ཆེད་ལས་སྨན་ཁང་། ཕན་བདེ་ཁང་སོགས་ཉམས་ཞན་མི་ཚོགས་གཅིག་སྡུད་བྱ་ཡུལ་གྱི་དོ་དམ་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས།

(བཅོ་ལྔ།) “སྔ་བ་བཞིའི”བླང་བྱ་དོན་འཁྱོལ་བྱས་ནས། རིམས་ནད་བྱུང་བའི་གཞི་ཁྱོན་ཇེ་ཆུང་དང་ཐག་གཅོད་ཀྱི་དུས་ཚོད་ཇེ་ཉུང་དུ་གཏོང་དགོས། ས་གནས་སོ་སོས་རིམས་ནད་ཀྱི་ཐབས་ལམ་ལྟ་ཞིབ་ཉེན་ཟོན་དང་གནས་མང་འཕྲལ་སྤྱོད་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་བརྒལ་ནས་འགྲོ་མཁན་ལ། “ཐོན་ཡུལ་ནས་ཉིང་སྐྱུར་བཤེར་འཇལ”བྱས་ཏེ་ནད་འགོས་པ་ཤེས་མ་ཐག་ཁྲིམས་ལྟར་དང་དུས་ཐོག་ཏུ་སྙན་ཞུ་བྱེད་དགོས་པ་དང་། ཐོག་མའི་དུས་ཚོད་ནང་དུ་ནད་ཀྱི་མཆེད་ཁུངས་ལ་རྟོག་ཞིབ་དང་ཉེན་ཁ་ཡོད་པའི་མི་སྣར་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས། སྔ་མོ་ནས་ཤེས་རྟོགས་བྱེད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་བཀར་བྱེད་པ། སྔ་མོ་ནས་སྨན་བཅོས་བྱས་ཏེ། མཆེད་ཁོངས་ཁྱབ་ཆེ་རུ་མི་འགྲོ་བར་བྱེད་པ་དང་དུས་ཚོད་འགོར་འགྱངས་མི་གཏོང་བ་བྱེད་དགོས་པ་ལས། གནས་བབ་ལ་བརྟག་ནས་འདུག་མི་རུང་བ་དང་རང་འདོད་ལྟར་བྱ་བ་སྒྲུབ་མི་རུང་།

(བཅུ་དྲུག) “གཅིག་དཔེ་ཀུན་འགེབས”དང་རིམ་པ་རེ་རེ་བཞིན་ཆ་རྐྱེན་ཇེ་མང་དུ་གཏོང་བའི་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མངའ་ཁོངས་འགན་འཁྲི་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་གཅིག་གྱུར་འགོག་སྡོམ་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ་ལས། རང་འདོད་ལྟར་སློབ་གྲྭའི་སྒོ་བརྒྱབ་ནས་སློབ་ཁྲིད་བྱེད་མཚས་འཇོག་པ་དང་། ཐོན་སྐྱེད་དང་ལས་ཀ་བྱེད་མཚམས་འཇོག་པ། ཆོག་མཆན་མ་བརྒྱུད་པར་འགྲིམ་འགྲུལ་ལ་བཀག་འགོག་བྱེད་པ། གང་བྱུང་དུ“ཁུ་སིམ་གྱི”དོ་དམ་བྱེད་པ། གང་བྱུང་དུ་བཀག་སྡོམ་བྱེད་པ། དུས་ཡུན་རིང་པོའི་ནང་བཀག་རྒྱ་མི་གློད་པ། གང་བྱུང་དུ་སྨན་བཅོས་བྱེད་མཚམས་འཇོག་པ་སོགས་ཀྱི་རིམ་སྣོན་བྱ་སྤྱོད་གཏན་འགོག་བྱས་ནས། བརྡ་ཁྱབ་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། རིམ་པ་སོ་སོའི་རིམ་པ་རེ་རེ་བཞིན་ཆ་རྐྱེན་ཇེ་མང་དུ་གཏོང་བའི་གནད་དོན་བཅོས་སྒྲིག་གི་ཆེད་བཙུགས་ཚན་པའི་ནུས་པ་འདོན་སྤེལ་བྱས་ནས། ཐེར་འདོན་ཁུངས་སྣེ་འཚོལ་བསྡུ་དང་བརྒྱུད་སྒྲུབ་བྱེད་པའི་བྱ་བ་ནུས་ལྡན་གྱིས་སྒྲུབ་པ་དང་། ཡུལ་དངོས་ནས་དུས་ལྟར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང། རིམས་འགོག་ཅུའུ། སློབ་གསོ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ལས་རིགས་ཁོངས་གཏོགས་ཀྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། ཚབ་མཚོན་དཔེ་གཞི་དམར་རྗེན་དུ་འདོན་ཤུགས་ཆེ་རུ་བཏང་ནས། ཟིལ་ཤུགས་དངོས་སུ་ཐོན་པར་བྱེད་དགོས།

(བཅུ་བདུན།)འགོག་སྡོམ་ལོགས་བཀར་མི་སྣའི་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་དགོས། ས་ཁུལ་སོ་སོས་འཚོ་བའི་མཁོ་དངོས་ཀྱི་འགན་སྲུང་བྱ་བའི་ཆེད་བཏང་རླངས་འཁོར་གཏོང་བ་དང་། དུས་ལྟར་འཚོ་བའི་མཁོ་དངོས་ཀྱི་ཚོང་རའི་མཁོ་འདོན་དང་འགོག་སྡོམ་གཞིས་ཁུལ་གྱི་བགོ་སྐྱེལ། ས་ཁོངས་ཀྱི་འབྲེལ་གཏུག་མཁོ་འདོན་སོགས་ཀྱི་ཇུས་གཞི་གཏན་འབེབས་དང་འཐུས་ཚང་དུ་བཏང་སྟེ། དམངས་འཚོའི་ཚོང་རྫས་གཙོ་བོའི་གསོག་འཇོག་བྱ་བ་བཟང་བོར་བསྒྲུབ་དགོས། ཕྱོགས་ཡོངས་ནས་གཞིས་ཁུལ་གྱི་རྒྱུན་སྡོད་མི་གྲངས་ཀྱི་གཞི་རྩའི་གནས་ཚུལ་རྩད་གཅོད་གསལ་བོ་བྱེད་པ་དང་། བདག་མེད་ཁེར་འདུག་བྱེད་པའི་ལོ་ལོན་དང་དཀའ་ཁག་ཆེ་བའི་བྱིས་པ། སྦྲུམ་མ། ནད་པ་སོགས་མི་སྣ་གཙོ་བོའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་དགོས་ལ། མི་སྣ་གལ་ཆེན་གྱི་གསལ་ཁྲ་དང་རིམས་ནད་སྐབས་ཀྱི་དགོས་མཁོའི་གསལ་ཁྲ་འགོད་དགོས། འགོག་སྡོམ་ས་ཁོངས་ཀྱི་བགོ་སྐྱེལ་བྱ་བ་ལེགས་བཅོས་བྱས་ཤིང་། འཚོ་བའི་མཁོ་དངོས་མཁོ་འདོན་བྱེད་པའི་ཆེད་དོན་སྟོབས་ཤུགས་གཏན་ཁེལ་གསལ་བོ་བྱས་ཏེ་གཞིས་ཁུལ་ནང་དུ་གནས་གཏན་འཁེལ་བྱས་ཏེ་བགོ་སྐྱེལ་བྱ་བ་དོན་འཁྱོལ་ཡོང་བར་བྱེད་དགོས། གཞིས་ཁུལ་དང་སྨན་བཅོས་ལས་ཁུངས། སྨན་རྫས་ཚོང་ཁང་བཅས་ཀྱི་བར་ཐད་གཏོང་ཁ་པར་འཛུགས་པ་དང་། གཞིས་ཁུལ་ལ་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་ཏེ། ཞབས་ཞུའི་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་། ནད་བརྟག་འགན་ཁུར་ལམ་ལུགས་དང་ནད་པ་ཚབས་ཆེན་མྱུར་སྐྱོབ་བྱེད་པའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱེད་དགོས་ལ། རྒྱུ་མཚན་གང་རུང་ལ་བརྟེན་ནས་ནད་བརྟག་མི་བྱེད་པའི་སྣང་ཚུལ་མེད་པར་བཏང་སྟེ། སྡོད་དམངས་ཀྱི་གསོ་བཅོས་དང་སྨན་བཀོལ་སོགས་ཀྱི་དགོས་མཁོར་འགན་སྲུང་བྱེད་དགོས། འགོག་སྡོམ་ལོགས་བཀར་མི་སྣར་སེམས་གསོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ལོ་ལོན་དང་ནད་པ། དབང་བོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ལ་སེམས་ཁུར་རོགས་རམ་བྱེད་ཤུགས་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་དོན་དངོས་དཀའ་ཁག་ཐག་གཅོད་བྱེད་དགོས།

(བཅོ་བརྒྱད།)སློབ་རའི་རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་བྱེད་དགོས། སློབ་གྲྭ་དང་ས་གནས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཉམ་འབྲེལ་མཉམ་འགོག་གིས་སློབ་རའི་རིམས་ནད་འགོག་སྡོམ་འཕྲལ་བསྟུན་འགན་སྲུང་ལ་ཤུགས་སྣོན་བྱེད་པ། སློབ་རའི་ལོགས་བཀར་དང་ཉིང་སྐྱུར་བཤེར་འཇལ། ནད་དུག་གི་འབྱུང་རྩ་རྩད་གཅོད། ཁོར་ཡུག་དུག་སེལ། འཚོ་བའི་མཁོ་དངོས་ཀྱི་འགན་སྲུང་སོགས་བྱ་བར་ཐོག་མར་བཀོད་སྒྲིག་བྱས་ཏེ། སློབ་གྲྭའི་རིམས་ནད་འགོག་སྡོམ་འཕྲལ་བསྟུན་ནུས་པ་མཐོར་འདེགས་དང་སློབ་གྲྭས་དུས་ཐོག་ཏུ་མྱུར་མོར་རིམས་ནད་འགོག་སྡོམ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་སོ་སོས་རྒྱལ་ཁབ་དང་སློབ་གསོའི་སྡེ་ཁག་གི་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་འགོག་སྡོམ་རེ་བ་དངོས་འབེབས་བྱེད་པ་ལས་ཚད་བརྒལ་འགོག་སྡོམ་བྱེད་མི་རུང་། སློབ་གསོ་པུའུ་དང་ཞིང་ཆེན་རིམ་པ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སློབ་གསོའི་སྡེ་ཁག་གིས་སྣེ་ཁྲིད་དེ་བྱ་བའི་ཆེད་ཚན་བཙུགས་ཏེ། རེ་རེ་བཞིན་དུ་སློབ་རས་གང་འདོད་དུ་འགོག་སྡོམ་བྱེད་པ་དང་འགོག་སྡོམ་གྱི་དུས་ཡུན་རིང་དྲགས་པ། དུས་ཡུན་རིང་བོར་ཡུལ་དངོས་ཀྱི་སློབ་ཁྲིད་མི་སྤེལ་བ། འཚོ་བའི་འགན་སྲུང་མི་འདང་བ། དགེ་སློབ་དང་ལས་བཟོ་བ། ཁྱིམ་མི་བཅས་ཀྱི་འགོག་སྡོམ་རེ་བ་གཅིག་མཚུངས་མིན་པ་སོགས་འབུར་ཐོན་གནད་དོན་རྩད་གཅོད་དང་ལེགས་བཅོས་བྱེད་པར་སྐུལ་མ་བཏང་སྟེ། འགོག་སྡོམ་བྱེད་ཤུགས་མི་འདང་བ་དང་ཚད་བརྒལ་གྱིས་རིམས་འགོག་བྱེད་པའི་གནད་དོན་ལེགས་བཅོས་བྱེད་དགོས། རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་གིས་ཞུ་གཏུག་སྟེགས་བུ་དང་ཁ་པར་བཀོད་སྒྲིག་བྱས་ཏེ། དུས་ལྟར་དུ་ཐག་གཅོད་བྱེད་དགོས། ཞུ་གཏུག་འབྱོར་ན་མྱུར་དུ་སྒྲུབ་པའི་རྐྱེན་སྲོལ་འཛུགས་པ་དང་། གནད་དོན་མྱུར་མོར་ཡར་ཞུ་དང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དུས་ལྟར་དགེ་སློབ་ཀྱི་བྲེལ་བ་ཆེ་ཞིང་རེ་བ་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

(བཅུ་དགུ།)ཁེ་ལས་དང་བཟོ་ལས་ར་བའི་འགོག་སྡོམ་བྱེད་ཐབས་དངོས་འབེབས་བྱེད་དགོས། ས་ཁུལ་སོ་སོའི་མཉམ་འབྲེལ་མཉམ་འགོག་རྐྱེན་སྲོལ་གྱིས་ཆེད་ཚན་བཙུགས་ཏེ། དམངས་གཉེར་ཁེ་ལས་དང་བཅས་པའི་ཁེ་ལས་དང་བཟོ་ལས་ར་བའི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཁེ་ལས་རེར་ཐབས་ཇུས་རེ་དང་བཟོ་ལས་ར་བ་རེར་ཐབས་ཇུས་རེ་ཡོད་པའི་རིམས་ནད་འགོག་སྡོམ་ཐག་གཅོད་འཕྲལ་བསྟུན་ཇུས་གཞི་གཏན་འབེབས་བྱེད་དགོས། ཁེ་ལས་དང་བཟོ་ལས་ར་བའི་རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་། ཁེ་ལས་དང་བཟོ་ལས་ར་བའི་དོ་དམ་རིམ་པ་ནས་འཁོར་ཁང་ཚན་ཁག་དང་ལས་ཡུལ་དང་པོའི་ལས་བཟོ་བའི་བར་གྱི་རིམས་ནད་འགོག་སྡོམ་གྱི་འགན་འཁྲིའི་མ་ལག་བཙུགས་ཏེ། ལས་རིམ་ཧྲིལ་བོའི་རིམས་ནད་འགོག་སྡོམ་བྱ་བ་ཐོ་འགོད་ཞིབ་མོ་བྱེད་དགོས། ལས་གནས་སུ་ལོག་པའི་མི་སྣའི་གནས་ཚུལ་ལ་རྩད་ཞིབ་གསལ་བོ་བྱེད་པ་དང་བདེ་ཐང་ཡིན་པར་བདེན་དཔང་ཐོབ་རྗེས་ལས་གནས་སུ་ལོག་ཆོག གནད་འགག་ལས་གནས་དང་གནད་འགག་ལས་རིམ་གྱི་ལས་བཟོ་བའི་འཚོ་བ། རིམས་འགོག་དང་རེས་སྐོར་ལས་གནས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། ཕྱོགས་གསུམ་པའི་ཕྱིར་བཅོལ་མི་སྣའི་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་སྟེང་གི་མི་སྣའི་འགྲོ་འོང་གི་དོ་དམ་བྱ་བ་ནན་སྒྲུབ་བྱེད་དགོས། རིམས་ནད་སྐབས་སུ་ཤུགས་ཆེན་པོས་དངོས་སྐྱེལ་གེགས་མེད་ཡོང་བར་འགན་སྲུང་བྱེད་དགོས་པ་དང་། ཐོན་སྐྱེད་ཕྲེང་འབྲེལ་གྱི་ཆེ་ཕྱོགས་དང་དམངས་འཚོའི་མཁོ་འདོན་ལ་འབྲེལ་བའི་ཁེ་ལས་གཙོ་བོ་དག་ལ་གང་འདོད་དུ་ལས་མཚམས་འཇོག་པའི་རེ་བ་འདོན་མི་ཆོག

(ཉི་ཤུ། )རིགས་བགར་བ་དང་གོ་རིམ་ཡོད་པའི་སྒོ་ནས་མི་སྣ་ཁེགས་ལུས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། རིམས་ནད་བྱུང་བའི་ས་ཁུལ་གྱིས་དུས་ལྟར་ཡང་དག་པའི་སྒོ་ནས་ཉེན་ཁའི་ས་ཁོངས་དགར་དགོས་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཕྱི་ཡོང་མི་སྣར་ཉེན་ཁ་དཔྱད་ཞིབ་བྱས་རྗེས་ཁ་འབྲལ་དུ་བཅུག་སྟེ། ཁེགས་ལུས་ཀྱི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་ལ། ཕྱིར་ལོག་གི་ལམ་བར་གྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། མི་སྣ་མང་བོ་ཁེགས་ལུས་བྱེད་པའི་གནས་སུ་ཆེད་དུ་ཇུས་གཞི་གཏན་འབེབས་བྱས་ཏེ་ཡོང་སའི་གནས་དང་འགྲོ་སའི་གནས་ཀྱི་བརྡ་འཕྲིན་འབྲེལ་འདྲིས་དང་རོགས་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་ཕྱི་རུ་མཆེད་པར་སྔོན་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཀོད་སྒྲིག་འོས་འཚམ་བྱེད་དགོས་ལ། འགྲིམ་འགྲུལ་སྐྱེལ་འདྲེན་དང་དམངས་སྤྱོད་མཁའ་འགྲུལ། རྒྱལ་ཁབ་ལྕགས་ལམ་སོགས་ལས་ཁུངས་ཀྱིས་ཧུར་ཐག་སྒོས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་འགན་སྲུང་བྱེད་དགོས། འགྲོ་སའི་གནས་ཀྱིས་ཆེ་ཕྱོགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཁེགས་ལུས་མི་སྣ་ཕྱིར་ལོག་པར་བཀག་འགོག་བྱེད་མི་རུང་བ་དང་། རེ་བ་ལྟར་ཕྱིར་ཡོང་མི་སྣའི་འགོག་སྡོམ་བྱེད་ཐབས་དངོས་འབེབས་གང་ལེགས་བྱས་ཏེ། རིམས་ནད་ཕྱིར་མཆེད་པར་སྔོན་འགོག་བྱེད་དགོས་པར་མ་ཟད་ཚད་བརྒལ་དོ་དམ་བྱེད་མི་རུང་།

གསུམ་པ། ཉེན་ཁའི་དོགས་ཟོན་ཇེ་དྲག་ཏུ་བཏང་སྟེ་ཉེན་ཁའི་རྐྱེན་ངན་བཟློག་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་དང་། གནད་དོན་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། བྱེད་ཐབས་ལེགས་སྒྲིག་བྱས་ནས་ལག་བསྟར་བྱེད་པའི་གོ་རིམ་ལྡན་པའི་བྱ་བའི་སྦྲེལ་མཐུད་བཟང་བོར་བསྒྲུབ་པ་དང་། ལས་རིམ་གཙོ་བོ་དམ་འཛིན་གྱིས་འབྲེལ་ཡོད་ཉེན་ཁའི་དོགས་ཟོན་བྱ་བ་བཟང་བོར་བསྒྲུབ་ནས་རིམས་ནད་ཉེན་ཁའི་སྤྱི་ཕྱོགས་ཀྱི་ཚོད་འཛིན་ལ་འགན་སྲུང་བྱེད་དགོས།

(གཅིག)ཉེན་ཁའི་མི་སྣའི་དོ་དམ་ཚོད་འཛིན་སྐོར་ནས་ས་ཁུལ་སོ་སོས་གཅིག་བསྡུས་ལོགས་བཀར་བྱེད་སའི་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས་ལོགས་བཀར་བྱེད་ས་ནས་ཕན་ཚུན་འགོ་བར་སྔོན་འགོག་བྱེད་དགོས། རང་ཁྱིམ་དུ་ལོགས་བཀར་བྱེད་པའི་ཆ་རྐྱེན་ལྡན་པའི་མི་སྣས་རང་ཁྱིམ་དུ་ལོགས་བཀར་བྱེད་པའི་སྐབས་སུ་འབྲེལ་ཡོད་ཀྱི་རེ་བ་དངོས་འབེབས་ནན་མོ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། གལ་སྲིད་གདགས་གཤིས་ཡིན་པ་རྩད་ཆོད་ན་ཉེན་ཁ་བརྡར་གཅོད་དང་འབྲེལ་ཡོད་ཀྱི་ཉེན་ཁའི་མི་སྣའི་རྗེས་འདེད་དོ་དམ་བྱ་བ་སྤེལ་ནས་རིམས་ནད་ཕྱིར་མཆེད་པར་སྔོན་འགོག་བྱེད་དགོས། རང་ཁྱིམ་ནས་ལོགས་བཀར་བྱེད་པའི་ཆ་རྐྱེན་མེད་པའི་མི་རྣམས་གཅིག་བསྡུས་ལོགས་བཀར་བྱེད་དགོས། ཉེན་ཁ་ཆེ་བའི་ལས་གནས་སུ་ལས་ཀ་ལས་བཞིན་པའི་མི་སྣའི་ལས་ཀའི་སྐབས་ཀྱི་བཀག་སྡོམ་དོ་དམ་དང་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བྱས་ཏེ་ལས་ཀའི་སྐབས་སུ་རིམས་ནད་འགོ་བར་སྔོན་འགོག་བྱེད་དགོས། ཉེན་ཁ་ཆེ་བའི་ལས་གནས་ཀྱི་ལས་བྱེད་མི་སྣས་རང་ཁྱིམ་ནས་བདེ་ཐང་ལྟ་ཞིབ་བྱེད་པའི་སྐབས་སུ་འབྲེལ་ཡོད་རེ་བ་དངོས་འབེབས་ནན་མོ་བྱེད་པར་ཁྲིད་སྟོན་བྱེད་དགོས་ལ། གལ་སྲིད་གདགས་གཤིས་ཡིན་པ་རྩད་ཆོད་ན། ཉེན་ཁ་བརྡར་གཅོད་དང་འབྲེལ་ཡོད་ཀྱི་ཉེན་ཁའི་མི་སྣའི་རྗེས་འདེད་དོ་དམ་བྱ་བ་སྤེལ་ནས་རིམས་ནད་ཕྱིར་མཆེད་པར་སྔོན་འགོག་བྱེད་དགོས།

(གཉིས།)ཉེན་ཁའི་ས་ཆ་དབྱེ་འབྱེད་གཏན་འབེབས་སྐོར་ནས། ས་ཆ་སོ་སོས་རིམས་ནད་བྱུང་རྗེས། དུས་ཐོག་ཏུ་ཉེན་ཁ་ཆེ་བའི་ས་ཁུལ་དབྱེ་འབྱེད་གཏན་འབེབས་བྱེད་པ་མ་ཟད་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་དགོས། སྤྱིར་བཏང་དུ་ཁང་ཚན་དང་ཐོག་ཁང་སྡེ་ཚན་དུ་བྱས་ནས་ཉེན་ཁེ་ཆེ་བའི་ས་ཁུལ་དབྱེ་འབྱེད་གཏན་འབེབས་བྱེད་པ་དང་། རིམས་ནད་བརྒྱུད་མཆེད་ཀྱི་ཉེན་ཁ་གསལ་བོ་མིན་པ་དང་ཡང་ན་གཞིས་ཁུལ་དུ་བརྒྱུད་མཆེད་རྒྱ་ཆེ་བའི་གནས་ཚུལ་འོག ཉེན་ཁ་ཆེ་བའི་ས་ཁུལ་དབྱེ་བགར་ཁྱབ་ཁོངས་འོས་འཚམ་སྒོས་རྒྱ་བསྐྱེད་དགོས།

(གསུམ།) རིམས་ནད་ཕྱི་ནས་ནང་དུ་མཆེད་པ་འགོག་པའི་བྱེད་ཐབས་ལེགས་སྒྲིག་བྱེད་པའི་སྐོར་ནས། ས་ཆ་སོ་སོས་གཅིག་བསྡུས་ལོགས་བཀར་གྱི་ཐོན་ཁུངས་གྲབས་གསོག་བྱ་བ་བཟང་བོར་བསྒྲུབ་པ་དང་། གཅིག་བསྡུས་ལོགས་བཀར་བྱེད་ས་ཚད་དང་ལྡན་པའི་སྒོ་ནས་འཛུགས་པར་མ་ཟད་དོ་དམ་ནན་མོ་བྱེད་དགོས། རྒྱལ་ཁབ་ཕྱི་ནས་ཡོང་བའི་མི་སྣ་ཁྱིམ་སྡོད་ལོགས་བཀར་བྱེད་པའི་སྐབས་སུ་དོ་དམ་ཚད་དང་ལྡན་པ་བྱེད་པར་ཤུགས་སྣོན་དགོས། ལོགས་བཀར་བྱེད་མི་དགོས་པའི་གདུབ་ཟུམ་དོ་དམ་ཁུལ་ནང་གི་ཕྱི་རྒྱལ་དང་ཀྲུང་གོའི་ཕྱོགས་ཀྱི་མི་སྣར་གདུབ་ཟུམ་དོ་དམ་དང་མི་སྒེར་གྱི་འགོག་སྲུང་། ཉིང་སྐྱར་བཤེར་འཇལ་བྱེད་པ་སོགས་ཀྱི་རེ་བ་ལག་བསྟར་ནན་མོ་བྱས་ནས། གདུམ་ཟུམ་ལས་ཕྱིར་བརྒལ་བར་བཀག་འགོག་ནན་མོ་བྱེད་དགོས། ཉིང་སྐྱུར་བཤེར་འཇལ་གྱིctགྲངས་སོ་ལྔ་ནས་བཞི་བཅུ་བར་ཡིན་པའི་ཕྱི་ཡོང་མི་སྣར་སྔར་ལས་ཞིབ་འབྱེད་ནན་མོ་བྱེད་པ་དང་། དུས་ཚོད་ཉེར་བཞིའི་རྗེས་སུ་ཡང་བསྐྱར་ཉིང་སྐྱུར་བཤེར་འཇལ་བྱེད་དགོས། གལ་ཏེ་ཉིང་སྐྱུར་བཤེར་འཇལ་གྱིctགྲངས་སོ་ལྔ་ལས་ཆུང་ན། མྱུར་དུ་གཏན་ཁེལ་སྨན་ཁང་དང་ཡང་ན་སྒྲོམ་ཚང་སྨན་ཁང་དུ་སྐྱེལ་ནས་ལོགས་བཀར་སྨན་བཅོས་བྱེད་པ་དང་། གལ་ཏེ་ཉིང་སྐྱར་བཤེར་འཇལ་གྱིctགྲངས་སོ་ལྔ་ལས་ཆེ་བ་དང་ཡང་ན་སོ་ལྔ་ཡིན་ཞིང་། རིམས་ནད་འགོས་པའི་དུས་ཡུན་ལས་བརྒལ་ཚེ། ཁྱིམ་སྡོད་ལོགས་བཀར་སྐབས་སུ་ཉིན་གསུམ་ནང་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་ལ་བྱེད་པ་དང་ཨང་རིས་བྱིན་ནས་དོ་དམ་བྱེད་པ་མ་ཟད། སྒོ་ཕྱི་རུ་འགྲོ་མི་རུང་།

བཞི་པ། བྱ་བའི་ཁྲོད་ཀྱི་རྩ་འཛུགས་འགན་སྲུང་ལེགས་སྒྱུར་ལེགས་སྒྲིག་བྱེད་པར་ཤུགས་སྣོན་དགོས། འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་ལེགས་སྒྲིག་བཟང་བོ་བྱེད་ན། སྲིད་ཇུས་ཀྱི་འགྲེལ་ཀློག་དམ་འཛིན་བྱེད་པ་དང་གསོ་སྦྱོང་མཛུབ་སྟོན་དང་འགན་འཁྲི་ལག་བསྟར་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལྟ་བ་སྔར་ལས་གཅིག་ཏུ་བསྡུ་བ། བྱེད་ཐབས་ལེགས་སྒྱུར་ལེགས་སྒྲིག་ཐད་ཀྱི་གོ་ནོར་མེད་པར་བྱེད་པ་དང་། མགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། གཞི་ཁྱོན་ཆེ་བའི་རིམས་ནད་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

(གཅིག)དྲིལ་སྒྲོག་གི་སྣེ་ཁྲིད་དང་སྲིད་ཇུས་འགྲེལ་ཀློག་ལ་ཤུགས་སྣོན་དགོས། སྲིད་ཇུས་ལེགས་སྒྱུར་ལེགས་སྒྲིག་ཐད་ཀྱི་འགྲེལ་ཀློག་ལ་ཤུགས་སྣོན་པ་དང་། མུ་མཐུད་དུ་རང་རྒྱལ་གྱི་རིམས་ནད་འགོག་སྡོམ་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནན་སྟོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པར་ངོས་འཛིན་གང་ལེགས་བྱེད་པར་སྣེ་ཁྲིད་བྱེད་པ། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འབྱུང་བ་འགོག་པ་རྒྱུན་འཁྱོངས་བྱེད་པ། འགུལ་རྣམ་གཙང་སེལ་གྱི་དོན་སྙིང་གལ་ཆེན་རྒྱུན་འཁྱོངས་བྱེད་པ། འགོག་སྡོམ་བྱེད་ཐབས་སྔར་ལས་ལེགས་སྒྱུར་བྱེད་དོན་ནི་འགོག་སྡོམ་སྔར་ལས་ཚན་རིག་དང་མཐུན་པ་དང་གནད་དུ་ཁེལ་བའི་ཆེད་དུ་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ་ལས། རིམས་ནད་འགོག་སྡོམ་བྱེད་ཚད་གློད་པ་དང་། ཐ་ན་ཁ་ཡ་ཙམ་ཡང་མི་བྱེད་པར་རང་དགར་དུ་བསྐྱུར་བའི་གོ་ནོར་གཏན་ནས་མི་འབྱུང་བར་བྱེད་དགོས། རང་རྒྱལ་གྱི་འགོག་སྡོམ་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྱུར་ལེགས་སྒྲིག་ཐད་ནས་ནད་དུག་གི་རྒྱུད་འགྱུར་ཁྱད་ཆོས་གཞིར་བཟུང་ཡོད་པར་ངོས་འཛིན་གཏིང་ཟབ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། དེ་ཚན་རིག་དང་མཐུན་པ་མ་ཟད་དགོས་ངེས་ཀྱང་ཡིན་པས། རྒྱ་ཆེའི་མང་ཚོགས་དང་གཞི་རིམ་ཡུལ་དངོས་ཀྱི་ལས་བྱེད་མི་སྣའི་རྒྱུས་ལོན་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མཉམ་འགོག་མཉམ་སྡོམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གླེང་ཕྱོགས་གནས་ཚུལ་གྱི་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་འདེབས་དགོས།

(གཉིས།)བྱ་བའི་མཛུབ་སྟོན་དང་རིམ་པ་སོ་སོའི་གསོ་སྦྱོང་ལ་ཤུགས་སྣོན་དགོས། ལས་རིགས་སོ་སོའི་གཙོ་འགན་སྡེ་ཁག་གིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རང་ལས་རིགས་དང་རང་ཁྱབ་ཁོངས་ཀྱི་ལེགས་བསྒྱུར་ལེགས་སྒྲིག་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། ཆ་སྡེབས་སྲིད་ཇུས་འཐུས་ཚང་དུ་བཏང་ནས། བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོས་སྲིད་ཇུས་ཀྱི་དོན་སྙིང་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེདཔ། བྱ་བའི་རེ་བ་ཇེ་ཞིབ་ཏུ་གཏོང་བ། རིམ་པ་སོ་སོའི་འགོག་སྡོམ་བྱ་བའི་མི་སྣར་ཁ་ཕྱོགས་པའི་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་བ། གསོ་སྦྱོང་བྱས་པ་བརྒྱུད་དེ། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ། གཞི་རིམ་འགོག་སྡོམ་ཡུལ་དངོས་བཅས་ཀྱི་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།

(གསུམ།)རྩ་འཛུགས་མགོ་ཁྲིད་དང་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ས་སྲུང་འགན་ཡོད་དང་ས་སྲུང་འགན་སྤྱོད་བྱེད་པ་དང་། འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་། འགན་འཁྲི་ལས་བགོ་གཏན་ཁེལ་གསལ་བོ་བྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རྩ་འཛུགས་ཞིབ་མོ་དང་ལག་བསྟར་བྱེད་པ། སྲིད་ཇུས་གསོ་སྦྱོང་དང་སྟོབས་ཤུགས་གཅིག་འདོམས། དངོས་ཟོག་འགན་སྲུང་ལ་ཤུགས་བསྣན་ནས། ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་ལེགས་སྒྲིག་བྱེད་པ་དང་། ལས་འགན་སྣ་ཚོགས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་དགོས། རིམས་འགོག་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་སྡུག་རང་བཞིན། བསྐྱར་ཟློས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་དང་ཡུལ་དངོས་སུ་སོང་ནས། རིམས་ནད་འགོག་སྡོམ་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་པ། རིམས་ནད་བྱུང་བའི་སྐབས་ཀྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བ། ནད་སྟོན་སྨན་བཅོས་སོགས་གཞི་རྩའི་དམངས་ཚིས་ཞབས་ཞུ་ལ་འགན་སྲུང་བྱེད་པ། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། བསམ་བློའི་སྣེ་ཁྲིད་དང་བསམ་པའི་སྟོན་ཁྲིད་བཟང་བོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་དགོས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། འགན་མི་ཁུར་བའི་རྣམ་འགྱུར་ལ་ངོ་རྒོལ་བྱེད་པ་དང་། ལག་བསྟར་ནན་མོ་མ་བྱས་པར་འགོག་སྡོམ་ཉེན་ཁ་ཆེར་སྐྱེད་མི་རུང་བ་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་ཁྱད་སེལ་བྱེད་པ་དང་། སྟབས་བདེ་ཅན་དུ་བསྒྱུར་བ་དང་དབྱེ་བ་མེད་པར་བྱེད་པ། རིམ་པ་བཞིན་ཆ་རྐྱེན་སྣོན་པ་སོགས་ཀྱི་བྱེད་ཐབས་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས། ལེགས་སྒྱུར་ལེགས་སྒྲིག་གི་བྱེད་ཐབས་དམ་འཛིན་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ནུས་ལྡན་བྱེད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་གྲུབ་འབྲས་བཟང་བོ་མངོན་པར་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཁག་ནས།

2022ལོའི་ཟླ11ཚེས11ཉིན།

ལོ་ཙཱ་བ། ཤ་མོ་འཚོ།