ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

བསྟུད་མར་ཉིན་འགའི་རིང་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཕྱི་འབྲེལ་པུའུ་དང་ཅང་ཞི། ཉིན་ཞ་སོགས་སུ་སྙན་ཞུ་སྒྲོག་འགྲེལ་བྱས་པར་མ་ཟད་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་་ཝང་དབྱི་ཡིས་ཕྱི་འབྲེལ་པུའུ་ནས་སྙན་ཞུ་སྒྲོག་འགྲེལ་བྱས། ཝང་དབྱི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་སྲོག་ཤིང་དང་དོན་སྙིང་ལ་སློབ་སྦྱོང་བཟང་བོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཕྱི་ཕྱོགས་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས། སྤྱིའི་བཀོད་སྒྲིག་བཅས་ཁོང་དུ་ཆུད་པར་བྱེད་པ་སོགས་ཕྱོགས་ལ་དམིགས་ནས་གོ་རིམ་ལྡན་པར་སྒྲོག་འགྲེལ་དང་རྒྱས་བཤད་བྱས།

སྙན་ཞུའི་ཚོགས་འདུའི་རྗེས་སུ། ཝང་དབྱི་ཡིས་གཞི་རིམ་ཏང་ཡོན་འཐུས་མི་དང་བསམ་བློ་བརྗེ་རེས་བྱས་པར་མ་ཟད། ཕྱི་འབྲེལ་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཐེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིའུ་ཅེ་དབྱི་ཡིས་ཅང་ཞི་ནན་ཁྲང་དུ་སྙན་ཞུ་སྒྲོག་འགྲེལ་བྱས། ལིའུ་ཅེ་དབྱི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་སྙིང་གལ་ཆེན་དང་གྲུབ་འབྲས་གཙོ་བོ། དོན་སྙིང་གལ་ཆེན་བཅས་ལ་སློབ་སྦྱོང་བཟང་བོ་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཕྱོགས་བདུན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་རིམ་ལྡན་པར་སྒྲོག་འགྲེལ་དང་རྒྱས་བཤད་བྱས།

ལིའུ་ཅེ་དབྱི་ད་དུང་ནན་ཁྲང་སློབ་ཆེན་སོགས་སུ་སོང་ནས་ལས་བྱེད་པ་དང་ལས་བཟོ་བ། རྒྱ་ཆེའི་དགེ་སློབ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ལེང་ཡན་ཧྲུན་གྱིས་ཉིན་ཞ་དབྱིན་ཁྲོན་དུ་སྙན་ཞུ་སྒྲོག་འགྲེལ་བྱས། ལེང་ཡན་ཧྲུན་གྱིས་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ངོ་བོ། རེ་བ་སོགས་ལ་གོ་རིམ་ལྡན་པར་གསེད་བཀྲོལ་དང་རྒྱས་བཤད་བྱས།

ལེང་ཡན་ཧྲུན་ད་དུང་མེན་ཉིན་གྲོང་རྡལ་གྱི་རོགས་སྐྱོར་འཁོར་ཁང་དང་སྔོ་ཚོད་རྟེན་གཞི། ཉིན་ཏུང་ནུས་ཁུངས་རྫས་འགྱུར་བཟོ་ལས་རྟེན་གཞི་སོགས་ལ་སོང་ནས་ལས་བྱེད་པ་དང་མང་ཚོགས། འཐབ་ཕྱོགས་དང་པོའི་ལས་བཟོ་བ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།