རང་ཞིང་གི་རིམ་པ་སོ་སོའི་སྤྱི་ཐུན་རིག་གནས་ཞབས་ཞུ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་བསླངས།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་རིམ་པ་སོ་སོའི་སྤྱི་ཐུན་རིག་གནས་ཞབས་ཞུ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་བསླངས་ཏེ། དྲ་ལམ་ནས་བརྗོད་སྙིང་སྒྲོག་འགྲེལ་འཁྲབ་སྟོན་དང་འཆད་ཁྲིད་གསོ་སྦྱོང་། འགྲེམ་སྟོན་སོགས་ཀྱི་ཞབས་ཞུའི་རྣམ་པ་བརྒྱུད་དེ་མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱ་ཆེའི་མང་ཚོགས་ལ་གསལ་བོར་ཤེས་སུ་བཅུག

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཐུན་རིག་གནས་ཞབས་ཞུ་ལས་ཁུངས་ཀྱིས་མང་ཚོགས་ལ་ཁ་ཕྱོགས་ཏེ་དྲ་ལམ་ནས་རྣམ་པ་སྣ་ཚོགས་དང་ལྟ་འདོད་ཉན་སྤྲོའི་དྲིལ་སྒྲོག་བྱ་འགུལ་སྤེལ། ཞིང་ཆེན་རིག་གནས་ཁང་དང་ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་སོགས་ཀྱིས་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པར་མ་ཟད། ན་གཞོན་ལོ་ཆུང་གིས་གཏམ་རྒྱུད་བཤད་པའི་འགྲན་སྡུར་བྱ་འགུལ་དང་དྲ་ལམ་ནས་དྲི་བར་ལན་འདེབས་པའི་བྱ་འགུལ། རི་མོའི་བརྩམས་ཆོས་དྲ་ལམ་ནས་འགྲེམ་སྟོན་བྱེད་པ་སོགས་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་བྱས།

ལོ་ཙཱ་བ། ཤ་མོ་འཚོ།