ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་སྐབས་ཏེ། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྲུང་སྐྱོབ་བཅོས་སྐྱོང་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། གྲོས་ཚོགས་བརྙན་ལམ་ནས་སྤེལ་བ་དང་། ཞིང་ཆེན་སྲིད་གྲོས་ནས་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ནས་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་ཀྲང་ལིས་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། མཱ་ཅི་ཞའོ་ཡིས་བརྗོད་གཞིའི་སྙན་ཞུ་ཕུལ་བ་དང་། བློ་མཐུན་བདུན་གྱིས་ཟུར་མི་འདྲ་བ་དང་། རིམ་པ་མི་འདྲ་བའི་སྒོ་ནས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་བལྟས་ན། ཉེ་བའི་ལོ་འདི་འགར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ཀྱི་གསུངས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་འགན་འཁྲི་རང་འགུལ་ངང་ཕྲག་ཏུ་བླངས་ཏེ། ཡུལ་བབ་དང་བསྟུན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་ཀྱི་ཐབས་ལམ་གསར་བ་བཏོད་ཡོད་པར་འདོད། ཚང་མས་རྨ་ཆུ་སྲུང་སྐྱོབ་བྱེད་ཐབས་ཏེ་བསྲུང་བྱ་རུ་བརྩིས་ནས་ཚན་རིག་དང་མཐུན་ཞིང་དངོས་གཉེར་གྱི་སྲུང་སྐྱོང་བཅོས་སྐྱོང་མ་ལག་གྲུབ་པར་བྱེད་པ་དང་། ཆུའི་བདེ་འཇགས་འགན་སྲུང་རྨང་གཞི་རུ་བྱས་ཏེ། ཆུའི་ཐོན་ཁུངས་གྲོན་ཆུང་དང་བཀོལ་སྤྱོད་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་བ། ཆུ་མགོ་སྲུང་སྐྱོང་ནུས་པ་མཐོར་འདེགས་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཚད་གཞི་མཐོ་བའི་ཆུ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་བ། རྨ་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཚོལ་ཞིབ་དང་ཆ་ཚང་དུ་བཏང་སྟེ། སྐྱེ་ཁམས་དགེ་མཚན་དེ་དངོས་སུ་དཔལ་འབྱོར་དགེ་མཚན་དུ་བསྒྱུར་བ་སོགས་ཀྱི་གྲོས་གཞི་བཏོན།

ཝང་ཝེ་ཏུང་གིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྲུང་སྐྱོབ་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་མཚམས་སྦྱོར་བྱས་པ་དང་། གནས་པའི་གནད་དོན་དང་། ཁ་གཏད་འཇལ་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཚན་རིག་དང་མཐུན་པའི་གསལ་བཤད་བྱས་པ་མ་ཟད། བྱེ་བྲག་གི་བྱ་བའི་བླང་བྱ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། དུས་གཏན་དུ་ཆབ་སྲིད་གླེང་བའི་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་པ་དང་། མཚོ་སྔོན་ལ་རྐང་བཙུགས་ནས་རང་འགུལ་ཁུར་ལེན་དང་། སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་བཅོས་སྐྱོང་གཙིགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྡེ་ཁག་གི་མཐུན་སྦྱོར་མཉམ་ལས་ལ་དངོས་སུ་ཤུགས་སྣོན་པ། ཆེད་དོན་འཆར་འགོད་ལ་མྱུར་དུ་ཞིབ་འཇུག་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རྨ་ཆུའི་ལས་དོན་ལེགས་པོར་སྒྲུབ་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་དགོས། བཞུར་རྒྱུད་ས་ཁུལ་རང་འགུལ་གྱིས་སྔོན་ལ་སྐྱོད་པའི་མིག་རྒྱང་རིང་དུ་བསྲིང་ནས། སྲུང་སྐྱོབ་ཆེན་མོ་དང་མཐུན་སྦྱོར་སྐུལ་སྤེལ་གྱི་བཅོས་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་བརྒྱད་བར་ཀྱི་འཐབ་ཇུས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་དྲག་པོ་འདོན་སྤྲོད་བྱེད་དགོས། ཁོག་རྒྱ་ཡངས་པོར་བསྐྱེད་ནས་རང་འགུལ་བརྩོན་ལེན་བྱེད་དགོས་ཏེ། རྒྱལ་ཁབ་ངོས་ཐད་ནས་རང་ཞིང་གི་རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་ལས་གཞི་གལ་ཆེན་འཛུགས་པ་དང་ལག་བསྟར་བྱེད་པ ། བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་དང་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་དངོས་འབེབས་སོགས་ཕྱོགས་ནས་དོ་སྣང་དང་རྒྱབ་སྐྱོར་སྔར་ལས་མང་པོ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་འགན་སྲུང་དང་རྨང་གཞིའི་འདེགས་སྐྱོར་ཤུགས་དྲག་ཏུ་གཏོང་དགོས།