ཀླད་པའི་སྐྱེ་འཚར་དང་གཉིད་ཡག་པོ་ཁུག་མིན་དབར་འབྲེལ་བ་ཡོད་པ།

དགོང་མོའི་ཆུ་ཚོད་11ཙམ་ཟིན་རུང་། ཁྱེད་རང་གི་ཕྲུ་གུས་ཉལ་ཁང་ནང་གློག་བཞུ་སྤར་ནས་སྡོད་སྐབས། ཁྱེད་ནས་ཕྲུ་གུ་སྔ་ཙམ་ཉལ་དུ་བཅུག་སྟེ་སང་ཉིན་གྲུང་ཤ་དོད་པོ་ཡོང་བ་གནང་དགོས་དགོངས་དུས། ཁ་ཏ་བསླབ་བྱ་མང་གནང་དགོས་ཡོད་སྲིད། ༼བྱིས་པའི་སེམས་ཁམས་རིག་པ་དང་སྨྱོ་ནད་རིག་པའི་དུས་དེབ༽ཐོག་སྤེལ་བའི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ལ་གཞིགས་ན། གཞོན་ནུ་ལོ་ཆུང་མང་པོ་ཞིག་འུག་པ་ནང་བཞིན་མཚན་འཁྱོལ་བྱེད་པའི་གོམས་གཤིས་འཇགས་ནས་ལོ་མང་སོང་བའི་རྗེས། འཕྱི་པོ་ཉལ་བའི་གོམས་གཤིས་ངན་པ་དེས་ལང་ཚོ་དར་བའི་སྐབས་སུ་བྱ་སྤྱོད་ཀྱི་གནད་དོན་ཐོན་སླ་བ་དང་ཀླད་པའི་སྐྱེ་འཚར་དལ་བའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད་པ་རེད།

མི་རྣམས་ཀྱི་གཉིད་ཉལ་བའི་གོམས་གཤིས་དེ་གཞོན་ནུ་ལོ་ཆུང་སྐབས་སུ་འགྱུར་བ་འགྲོ་གི་ཡོད། དུས་སྐབས་འདིའི་རིང་ལོ་ཆུང་གཞོན་ནུ་མང་པོ་ཞིག་ཞོགས་སྔ་ལངས་བྱེད་མཁན་གྱི་དེ་ཕོ་ཞིག་ནས་དགོང་འཕྱི་ཉལ་བྱེད་མཁན་གྱི་འུག་པ་ལྟ་བུར་འགྱུར་འགྲོ་གི་ཡོད། ཁོང་ཚོའི་སེམས་པའི་ནང་དགོང་མོ་ལས་ཆོད་མཐོ་བ་དང་ཉེན་ཟོན་རང་བཞིན་ཆེ་བ་ཡོད། འོན་ཀྱང་། དགོང་མོ་ཉལ་ཕྱི་ན་ཞོགས་པ་ལངས་ཕྱི་བ་དེ་ལྡོག་ཏུ་མེད་པའི་ཆོས་ཉིད་རེད།

འུག་པའི་བྱེད་སྟངས་ལྟ་བུའི་གོམས་གཤིས་དེ་དང་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་དང་ལས་ཀའི་བར་འགལ་ཟླ་ཡོང་སྲིད། དེ་ལྟ་བུའི་གོམས་གཤིས་ལས་དུས་ཡུན་རིང་པོ་གཉིད་འདང་ངེས་ཡོང་གི་མེད་པས། གཞོན་ནུ་ལོ་ཆུང་དེའི་རིགས་རྣམས་ཞོགས་སྔ་ལངས་བྱེད་མཁན་གྱི་གཞོན་ནུ་ལོ་ཆུང་ཚོ་ལས་བྱ་སྤྱོད་ཀྱི་གནད་དོན་དང་སེམས་ཁམས་ཀྱི་གནད་དོན་ཐོན་སླ་བ་ཡོད་པ་གསལ་བཤད་བྱེད་ཐུབ།


ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ལང་ཚོའི་དུས་མཚམས་སྔོན་མ་སྟེ། ལོ་བཅུ་གཉིས་ནས་ལོ་བཅུ་གསུམ་བར་འུག་པ་ལྟ་བུའི་གོམས་གཤིས་འཇགས་པའི་གཞོན་ནུ་ལོ་ཆུང་རྣམས་ལ་ལོ་ཤས་རྗེས་སུ་བྱ་སྤྱོད་ཀྱི་གནད་དོན་ཐོན་སླ་པོ་ཡོད། དེའི་ནང་དཔེར་ན། ཕར་རྒོལ་རང་བཞིན་དང་སྒྲིག་སྲོལ་ལ་མི་བརྩི་བ། སྤྱི་ཚོགས་ལ་བསུན་སྣང་སྐྱེ་བ་ལྟ་བུའི་བྱ་སྤྱོད་ཐོན་སླ་པོ་ཡོད། འོན་ཀྱང་། ཁོང་ཚོར་སེམས་ཁྲལ་ཆེ་བའམ་སེམས་པ་མི་སྐྱིད་པ་ལྟ་བུ་སེམས་ཁམས་ཀྱི་གནད་དོན་ཐོན་པའི་ཉེན་ཁ་མངོན་གསལ་གྱིས་ཆེ་རུ་སོང་མེད།

ཞིབ་འཇུག་གྲུབ་འབྲས་གསར་པ་ལས་མངོན་པར། ཞོགས་སྔ་ལངས་བྱེད་མཁན་དང་དགོང་ཕྱི་ཉལ་བྱེད་མཁན་གྱི་ཀླད་པའི་གྲུབ་ཚུལ་དང་སྐྱེ་འཚར་མྱུར་ཚད་གཉིས་ཀ་གཅིག་པ་མིན། དེའི་ནང་སྐྱ་རྒྱུ་དང་དཀར་རྒྱུའི་ཁྱད་པར་ཡོད། དེ་ནི་དྲན་ཤེས་དང་སེམས་ཁམས་བདེ་ཐང་། བློ་རྩེ་འགྲིམས་ཤུགས། ལུགས་མཐུན་སེམས་པ་བཅས་ཀྱི་ཁྱད་པར་དང་འབྲེལ་བ་ཡོད། དགོང་ཕྱི་ཉལ་བྱེད་མཁན་གྱི་གཞོན་ནུ་ལོ་ཆུང་གི་ཀླད་པའི་དཀར་རྒྱུ་ཞོགས་སྔ་ལངས་བྱེད་མཁན་གྱི་ཕྲུ་གུ་ནང་བཞིན་གྱི་ཚད་གཞིར་སླེབས་ཀྱི་མེད། དོན་དངོས་ཐོག གཞོན་ནུ་ལོ་ཆུང་གི་དུས་སུ། ཀླད་པའི་དཀར་རྒྱུ་སྐྱེ་འཚར་ཡག་པོ་བྱུང་མིན་དེ་གོ་རྟོགས་དང་བརྩེ་སེམས། བྱ་སྤྱོད་བཅས་ཀྱི་ཐད་ངོས་ནས་བརྗོད་ན་ཧ་ཅང་གི་གལ་འགངས་ཆེན་པོ་རེད།


ཤེས་རྟོགས་བྱུང་བའི་གནད་དོན་དེ་རིགས་ལས་གཞོན་ནུ་ལོ་ཆུང་རྣམས་ནས་ལང་ཚོའི་དུས་མཚམས་སྔ་མར་གཉིད་ཉལ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་གལ་ཆེའི་རང་བཞིན་མངོན་ཡོད། གཉིད་འདང་ངེས་ཤིག་དང་ཡག་པོ་ཞིག་ཁུག་རྒྱུ་དེ་སེམས་ཁམས་དང་ཀླད་པའི་བདེ་ཐང་ངོས་ནས་བཤད་ན་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་རེད།