མི་འདི་དག་ནས་ཐེངས་གཅིག་རང་བཞིན་གནས་སྐབས་རོཊ་སྐྱོབ་དངུལ་ལེན་ཆོག

སྤྱི་ཟླ་11པའི་ཚེས་8ཉིན། དམངས་སྲིད་པུས་ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་དང་ལྷན་དུ《མ་མཐའི་འཚོ་བའི་འགན་ལེན་སོགས་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐིལ་སྐྱོར་འགན་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཅེས་པ་པར་འགྲེམས་བྱས་ཡོད།

དེའི་ནང་། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ལས་གནས་སུ་ཕྱིར་ལོག་བྱ་ཐབས་བྲལ་བ་དང་། ཟླ་བ་གསུམ་བསྟུད་མར་ཡོང་འབབ་ཡོང་ཁུངས་མེད་པ། འཚོ་བར་དཀའ་ངལ་ཡོད་པ་མ་ཟད་ལས་ཤོར་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་ནང་ཚུད་མེད་པའི་ཞིང་པ་ལས་མི་སོགས་འགན་བཅོལ་ནང་ཞུགས་མེད་པའི་ལས་ཤོར་མི་སྣ་དང་མ་མཐའི་འཚོ་བའི་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་མེད་རིགས་ཀྱིས། རང་ཉིད་ནས་རེ་ཞུ་བྱས་པ་བརྒྱུད། ལས་ཀ་བྱེད་སའམ་ཡང་ན་རྒྱུན་སྡོད་བྱ་ཡུལ་གྱིས་ཐེངས་གཅིག་རང་བཞིན་གྱི་གནས་སྐབས་རོགས་སྐྱོབ་དངུལ་སྤྲོད་དགོས།

རིམས་ནད་ཀྱིས་ཤུགས་རྐྱེན་ཕོག་ནས་གནས་སྐབས་ལས་ཞུགས་མ་ཐུབ་པ་དང་། གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་པའི་སློབ་ཆེན་སློབ་མ། དེ་བཞིན་རིམས་ནད་ཀྱི་གནས་ཚུལ་གཞན་དག་དབང་གིས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ཡིན་ཕྱིན། དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་འཇུག་དགོས་ཞེས་ཁ་གསལ་བསྟན་ཡོད།

དམངས་སྲིད་པུས《བརྡ་ཐོ》ཡི་གསལ་འགྲེལ་ཡིག་ཆའི་ནང་། མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ“འགན་ལེན་བྱ་དགོས་ཀྱང་འགན་ལེན་ཐུབ་མེད་པ”དང“སྲིད་ཇུས་ཀྱི་འགན་ལེན”སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། 《བརྡ་ཐོའི》ནང་། དགོས་པ་མེད་པའི་ཚོད་འཛིན་རང་བཞིན་ཀྱི་ཆ་རྐྱེན་རང་དགར་ཟུར་སྣོན་བྱ་མི་ཆོག་པ་དང་། དམིགས་བསལ་ལས་རིགས་དང་དམིགས་བསལ་ཐོབ་ཐང་སོགས་ལ་ཁ་གཡར་བའམ། ཡང་ན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་བརྟག་དཔྱད་ཞིབ་བསྡུར་མ་བྱས་གོང་། རེ་ཞུ་བྱས་པའི་ཁྱིམ་ཚང་དེ་ཆ་རྐྱེན་དང་མཐུན་པའམ་ཡང་ན་ཆ་རྐྱེན་དང་མཐུན་མེད་ཅེས་ཐད་ཀར་གཏན་འཁེལ་བྱ་མི་ཆོག་ཅེས་བསྟན་ཡོད་ཅེས་འཁོད་ཡོད་པ་རེད།