བཟོ་བཅོས་ཟིན་པའི《བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ནང་དུ་ཕོ་མོ་འདྲ་མཉམ་དང་། ཁྱིམ་ཚང་གི་དྲག་སྤྱོད་སོགས་ཐད་གཏན་འབེབས་གསལ་བོ་བྱས་འདུག

2022ལོའི་ཟླ10པའི་ཚེས30ཉིན། གསར་དུ་བཟོ་བཅོས་བརྒྱབ་པའི《བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》(གཤམ་ནས《བུད་མེད་བཅའ་ཁྲིམས》ཞེས་འགོད་རྒྱུ)དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེ་ནི་ཉེ་བའི་ལོ་རིང་ལ་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་དང་གསར་འཛུགས་ཀྱི་རྣམ་གྲངས་ཉག་ཅིག་ཡིན། 2021ལོའི་ཟླ12པར་བཟོ་བཅོས་འཆར་ཟིན་གྱིས་ཐོག་མར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བསམ་འཆར་བསྡུ་ལེན་བྱས་པར་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་ཕྱོགས་དྲ་ཚིགས་སུ་མི་ཁྲི8ལྷག་གིས་བསམ་འཆར་ཁྲི42བཏོན། 2022ལོའི་ཟླ5པར་བསམ་འཆར་བསྡུ་ལེན་ཐེངས་གཉིས་པ་བྱེད་དུས་ཀྱང་མི་ཁྲི8ཀྱིས་བསམ་འཆར་ཁྲི30བཏོན་ཡོད་པ་རེད།

《བུད་མེད་བཅའ་ཁྲིམས》ནི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་དང་འབྲེལ་བའི་གཞི་རྩའི་ཁྲིམས་ལུགས་ཡིན་ཞིང་། ཀྲུང་གོའི་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་ཁྲིམས་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཡིན། 1992ལོར་དངོས་སུ་ཁྱབ་སྒྲོག་བྱས་ལ། དུས་ད་ལྟའི་བར་ལོ30རིང་ལ་ལག་བསྟར་བྱས། 2005ལོར《བུད་མེད་བཅའ་ཁྲིམས》ལ་ཐེངས་དང་པོར་བཟོ་བཅོས་ཅུང་ཆེན་པོ་ཞིག་བརྒྱབ་ཏེ། “ཕོ་མོ་འདྲ་མཉམ་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་སུ་གཏན་ལ་ཕབ་ནས”བཅའ་ཁྲིམས་སུ་ཐོག་མར་བཀོད། དེ་ལོ་ངོ17རིང་ལག་བསྟར་བྱས་རྗེས་ཡང་བསྐྱར་བཟོ་བཅོས་རྒྱག་པའི་དུས་ལ་བབས། ད་ཐེངས་དེ་སྔ་ལེའུ་དགུ་དང་དོན་ཚན་དྲུག་ཅུ་རེ་གཅིག་ཡོད་པའི་སྟེང་ཁ་སྣོན་བརྒྱབ་ནས་ལེའུ་བཅུ་དང་དོན་ཚན་བརྒྱད་ཅུ་གྱ་དྲུག་གཏན་ལ་ཕབ་ཡོད། བཟོ་བཅོས་བྱས་པའི《བུད་མེད་བཅའ་ཁྲིམས》གསར་པ་འདི2023ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་གྲབས་ཡོད།

《བུད་མེད་བཅའ་ཁྲིམས》གསར་པའི་ནང་དེ་སྔ“ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་”ཞེས་གཏན་ལ་ཕབ་ཡོད་པ་དེ“ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་ནང་དོན་གྱི་ཆ་ནས་ཇེ་རྒྱས་སུ་བཏང་ཡོད། དེ་མ་ཟད་འབྲེལ་ཡོད་ལས་ཁུངས་ཀྱིས་བུད་མེད་ཀྱི་ཁེ་དབང་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། ཡང་ན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་དང་བཟོ་བཅོས་རྒྱག་དུས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བསམ་འཆར་ལ་ཉན་ནས་བུད་མེད་ཀྱི་དམིགས་བསལ་ཁེ་དབང་ལ་བསམ་བློ་གང་ལེགས་གཏང་དགོས་པ་དང་། དགོས་ངེས་ཀྱི་སྐབས་ལ་ཕོ་མོ་འདྲ་མཉམ་ཐད་དཔྱད་ཞིབ་བྱེད་དགོས། དེ་མིན་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱལ་དམངས་ཀྱི་སློབ་གསོའི་མ་ལག་ནང་འཇུག་པའི་བྱེད་ཐབས་གསར་པ་སོགས་གཏན་ལ་ཕབ་ཡོད་པ་རེད།

འདོད་སྲེད་ཟིང་སློང་གི་བྱ་སྤྱོད་ངན་པའི་དོན་སྤྱི་ལ《བུད་མེད་བཅའ་ཁྲིམས》གསར་པས་རྩ་དོན་རང་བཞིན་གྱིས་ས་མཚམས་ཕྱེ་ནས་ཡོད། དཔེར་ན་དོན་ཚན་ཉེར་གསུམ་པའི་ནང་། བུད་མེད་ཀྱི་མོས་བློ་དང་འགལ་ཏེ། སྐད་ཆ་དང་། ཡིག་རིགས། པར་རིས། ལུས་ཀྱི་བྱ་སྤྱོད་ལ་སོགས་གང་རུང་ནས་བུད་མེད་ལ་ཚུལ་མིན་གྱི་ཆགས་སྲེད་སློང་བ་ཡིན་ན། འདོད་སྲེད་ཟིང་སློང་གི་ནང་དོན་ཁོངས་སུ་གཏོགས་པ་དང་། དེ་མིན་སློབ་གྲྭ་དང་ལས་ཁུངས་ཀྱིས་སྔོན་འགོག་དང་བཅོས་སྐྱོང་རང་བཞིན་གྱི་སྒོ་ནས་དེ་ལ་འགན་འཁུར་དགོས་པ་སོགས་གཏན་འབེབས་བྱས་ཡོད་དོ།།

སྔོན་ཆད་མཛའ་གྲོགས་ཀྱི་འབྲེལ་བ་ཡོད་པ་དང་། ཡང་ན་གཉེན་འཐོར་རྗེས་མུ་མཐུད་ནས་བཟའ་ཚང་གཏང་མི་འདོད་པར་ཡང་ནས་ཡང་དུ་ཟང་ཟིང་བཟོས་ནས་འཚོ་བར་ཐེ་གཏོགས་བྱེད་པའི་སྐོར་དེ་ཐག་གཅོད་དུས། འཚོ་བ་མཉམ་དུ་རོལ་མེད་པའི་དབང་གིས《ཁྱིམ་ཚང་གི་དྲག་སྤྱོད་བཅའ་ཁྲིམས》ཀྱིས་ཐག་གཅོད་པའི་ཆ་རྐྱེན་མི་ལྡན་མོད། ཐེངས་འདིའི《བུད་མེད་བཅའ་ཁྲིམས》གསར་པའི་ནང་བྱ་སྤྱོད་འདིའི་རིགས་གཏན་འགོག་བྱ་རྒྱུ་མ་ཟད། གནོད་འཚེ་ཐེབས་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་རང་ལུས་བདེ་སྲུང་གི་བཀའ་རྒྱ་ཐད་སྙན་ཞུ་བརྒྱབ་ཏེ། བྱ་སྤྱོད་དེ་རིགས“ཟིང་སློང”གི་ངོས་ཐད་ནས་ཁྲིམས་ཆད་བཅད་ཆོག་པ་གཏན་ལ་ཕབ།

དེ་བཞིན་དུ། ལས་ཁུངས་ཀྱིས་ལས་མི་བསྡུ་བའི་གོ་རིམ་ཁྲོད་བྱ་སྤྱོད་རིགས་ལྔ་སྟེ། སྐྱེས་པ་ཁོ་ན་བསྡུ་རྒྱུ་དང་ཡང་ན་སྐྱེས་པ་ཐོག་མར་བསྡུ་རྒྱུ། མི་སྒེར་གྱི་གཞི་རྩའི་གནས་ཚུལ་མ་གཏོགས་ལས་ཀ་འཚོལ་མཁན་བེུད་མེད་ལ་བཟའ་ཚང་དང་ཕྲུ་གུ་ཡོད་མེད་ལ་སོགས་སྐོར་ནས་རྩད་འདྲིའམ་རྟོག་ཞིབ་བྱེད་པ། མངལ་ཆགས་ཡོད་མེད་ལ་བརྟག་ནས་ལས་ཀར་ཞུགས་ཆོག་མིན་ལ་ལྟ་བ། གཉེན་སྒྲིག་དང་བུ་སྐྱེས་པར་ཚོད་འཛིན་བྱེད་པ་ཡང་ན་བཟའ་ཚང་དང་བུ་སྐྱེས་ཐུབ་མིན་གྱི་གནས་ཚུལ་དེ་ལས་མི་བསྡུ་བའི་ཆ་རྐྱེན་ལ་བརྩི་བ། གཞན་ཕོ་མོའི་དབྱེ་བའི་སྟེང་ནས་བུད་མེད་མི་བསྡུ་བ་དང་ཡང་ན་བེད་མེད་བསྡུ་བའི་ཚད་གཞི་ཇེ་མཐོར་གཏང་བའི་བྱ་སྤྱོད་སོགས་སྤེལ་མི་རུང་གཏན་ལ་ཕབ་འདུག

ལོ་ཙཱ་བ། ཁོན་ཐར་འཚོ།