ལས་རྨས་སྨན་བཅོས་བྱེད་པའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ནོར་སྲིད་ཐིང་དང་མཉམ་དུ《ལས་རྨས་འགན་སྲུང་གི་འབྲེལ་ཡོད་ཐོབ་ཐང་ལེགས་སྒྲིག་བྱ་བའི་སྐོར་གྱི་བརྡ་ཐོ》བཀྲམས་ནས2022ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་རྨས་སྐྱོན་ཕོགས་སྣོན་དང་། འཚོ་བའི་གཉོར་སྐྱོང་གྲོན་དངུལ། གཉེན་ཉེ་འཚོ་སྐྱོང་གི་འཆི་གོད་གྱོང་གསབ་རོགས་དངུལ་བཅས་ཀྱི་ཚད་གཞི་ཇེ་མཐོར་བཏང་བ་དང་། ཆབས་ཅིག་ཞིང་ཆེན་ནང་ཁུལ་གྱི་སྨན་ཁང་དུ་བསྡད་ནས་ལས་རྨས་སྨན་བཅོས་བྱེད་པའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་སྐུལ་ཁྲིད་དང་ལས་རྨས་ལས་བཟོའི་བདེ་སྣང་དང་སྐྱིད་སྣང་ཆེན་པོ་ཡོང་བར་དོན་སྙིང་གལ་ཆེན་ལྡན།

ད་ཐེངས་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ11རིང་ལས་རྨས་འགན་སྲུང་ཐོབ་ཐང་གི་ཆུ་ཚད་ཇེ་མཐོར་བཏང་བ་ཞིག་རེད། གཙོ་བོ་ནི། རིམ་པ་དང་པོ་ནས་དྲུག་པའི་བར་གྱི་ལས་རྨས་ལས་བཟོའི་རྨས་སྐྱོན་ཕོགས་སྣོན་མི་རེར་ཟླ་རེར་སྒོར240ཡིན་པ་དང་། འཚོ་བར་བདག་སྐྱོང་གི་རིམ་པ་ནི་རང་གིས་རང་ལ་རྩ་བ་ནས་བདག་བྱེད་མི་ཐུབ་པ་དང་ཆ་ཤས་ཙམ་བདག་བྱེད་ཐུབ་པ། ཆ་ཤས་བདག་བྱེད་ཐུབ་པ་བཅས་རིམ་པ་གསུམ་དུ་བགར་ཡོད་པས། རེ་རེར་ཟླ་རེར་སྒོར3512དང་། སྒོར2809། སྒོར2107དུ་ལེགས་སྒྲིག་བྱས་པ་དང་། འཆི་གོད་བྱུང་བའི་ཉེ་མི་གཉོར་སྐྱོང་ཐད་གྱོང་གསབ་རོགས་དངུལ་ཟླ་རེར་སྒོར100ཁ་གསབ་བྱས་ལ། ལེགས་སྒྲིག་བྱས་རྗེས་ལག་སོན་དངུལ་གྲངས་སྒོར1264ལས་ཉུང་དེ་སྒོར1264ལ་སྙོམས་སྒྲིག་བྱས། ལས་རྨས་ལས་བཟོ་པ་སྨན་ཁང་དུ་བསྡད་པ་ཡིན་ན་ལས་རྨས་ལྟོ་ཆས་ཀྱི་ཁ་གསབ་རོགས་དངུལ་དེ་ཉིན་རེར་སྒོར15ནས་སྒོར25བར་ཇེ་མཐོར་བཏང་།

ལས་རྨས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་པའི་གཅིག་སྡུད་མངོན་ཚུལ་ཞིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བཀོད་སྒྲིག་ཅིག་ཡིན་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ལས་རྨས་ལས་བཟོ་དང་དེ་བཞིན་ལས་ཤི་ལས་བཟོའི་གཉེན་ཉེ་འཚོ་སྐྱོང་གི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དང་འགན་འཁྲི་ཞིག་ཀྱང་རེད། སླད་ཕྱིན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འཕྲལ་མར་ཐོབ་ཐང་ལེགས་སྒྲིག་བྱ་བ་བཀོད་སྒྲིག་དང་། ལས་རྨས་འགན་སྲུང་གི་ཐོབ་ཐང་སོ་སོ་དུས་ཐོག་དང་འདང་ངེས་སྟེར་ཐུབ་པར་འགན་སྲུང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

གཡང་སྐྱིུད་ཀྱིས་བསྒྱུར།