རོ་མའི་གཅན་གཟན་དང་འཛིང་སའི་ར་བའི་རྒྱ་ཁྱོན་ལ་ཅི་ཙམ་ཡོད།

རོ་མ་ནི་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་འཛམ་གླིང་གི་གྲོང་ཁྱེར་གྲགས་ཅན་ཞིག་ཀྱང་ཡིན། འཛམ་གླིང་གི་རྟེན་རྫས་བཤམས་སྟོན་ཁང་ཞེས་གྲགས་པའི་དབྱི་ཐ་ལིར་བསླེབས་དུས་ཚང་མས་རོ་མའི་གནའ་ཤུལ་འཛུགས་སྐྲུན་ཆེ་ཤོས་ཡིན་པའི་གཅན་གཟན་དང་འཛིང་སར་ལྟ་སྐོར་བྱེད་ཅིང་། དེ་ནི་འཛམ་གླིང་ཐོག་འཛུགས་སྐྲུན་སྔ་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་ལུས་རྩལ་ར་བ་དང་འདྲ་ལ། སྐད་གྲགས་ཡོད་པའི་གནའ་རབས་འཛུགས་སྐྲུན་ཆེ་ཤོས་བདུན་གྱི་གྲས་སུའང་ཚུད་ཡོད།

གཅན་གཟན་དང་འཛིང་ས་ནི་འཛུགས་སྐྲུན་ཟླུམ་པོ་ཞིག་ཡིན་པ་དང་། དེའི་མཐོ་ཚད་ལ་སྨིས57དང་། ཚངས་ཐིག་ལ་སྨིས188། ཁོར་རྒྱའི་རིང་ཚད་ལ་སྤྱི་ལེ0.5བཅས་དང་ས་ངོས་ནས་བརྩིས་ན་ཐོག་བརྩེགས4ཡོད། གཤམ་གྱི་ཐོག་བརྩེགས་གསུམ་པོའི་ཐོག་བརྩེགས་རེར་ཀ་བ80དང་གཞུ་དབྱིབས་ཅན་གྱི་སྒོ་གཟུགས80རེ་ཡོད་ལ། ཁྱོན་བསྡོམས་ལྟད་མོ་བ87000ཤོང་བ་ཡིན།

འཛུགས་སྐྲུན་དེའི་དཀྱིལ་ནི་གཅན་གཟན་དང་འཛིང་ས་ཡིན་ཞིང་རིང་ཚད་ལ་སྨིས86དང་ཞེང་ཚད་ལ་སྨིས54ཟིན། དེང་སྐབས་ཀྱི་རྒྱལ་སྤྱིའི་ཚད་ལྡན་རྐང་རྩེད་སྤོ་ལོ་རྒྱག་ས་ལས་ཅུང་ཆུང་བ་དང་། མཐོ་ཚད་ལ་སྨིས5ཅན་གྱི་གྱང་གིས་བསྐོར་ཡོད། དེ་ནི་གནའ་བོར་གཅན་གཟན་དང་འཛིང་བའི་ལྟད་མོ་ཉིན100ཚུགས་པ་དང་། དེའི་ནང་ནས་བྲན་གཡོག་དང་། བཙོན་མ། ཉེས་ཅན། ཡེ་ཤུའི་ཆོས་པ་བཅས་ཀྱིས་གཅན་གཟན་ལ་འཛིང་བ་ཡིན་ལ། དེའི་ཁྲོད་སྲོག་ཤོར་བའི་མི་གྲངས3000ལྷག་ཡོད། སེང་གེ་དང་སྟག་ལ་སོགས་གཅན་གཟན5000ལྷག་ཤི་བ་རེད། དེ་ནི་བྲན་གཡོག་གིས་འཛམ་གླིང་བསྐྲུན་པའི་ལོ་རྒྱུས་རྡོ་རིང་ཞིག་ཡིན་ལ། བཙན་བདག་རྒྱལ་པོ་དང་སྐུ་དྲག་གིས་བག་མེད་ལོངས་སྤྱོད་དང་ཡ་ང་ཞིང་སྙིང་རྗེ་མེད་པའི་སྡུག་སྦྱོར་བྱས་པའི་དཔང་རྟགས་ཤིག་ཀྱང་ཡིན།