ཁེ་ལས་ཀྱིས་ཟས་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་།

ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཟས་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏང་ཆེད། ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས《ཁེ་ལས་ཀྱིས་ཟས་རིགས་བདེ་འཇགས་གཙོ་གཞིའི་འགན་འཁྲི་ལྟ་སྐུལ་དོ་དམ་གྱི་གཏན་འབེབས་ལག་བསྟར》ཁྱབ་བསྒྲགས་བྱས་ནས་2022ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

འདི་ནི་ཚེས26ཉིན་གསར་འགོད་པས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་རྒྱུས་ལོན་བྱུང་བ་དང་། གཏན་འབེབས་དེའི་དམིགས་ཡུལ་ནི་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོའི་ཟས་རིགས་བདེ་འཇགས་འགན་འཁྲི་ཇེ་ཆེར་བཏང་ནས་ཟས་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བསྲུངས་ཏེ། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་སྲུང་ཏན་ཏིག་བྱ་རྒྱུ་དེ་རེད།

ཁེ་ལས་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བའི་ཕྱོགས་ནས། གཏན་འབེབས་ནང་ཟས་རིགས་ཐོན་སྐྱེད་དང་འཚོང་གཉེར་ཁེ་ལས་ལ་ཟས་རིགས་བདེ་འཇགས་དོ་དམ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། གཞི་ཁྱོན་ངེས་ཅན་ལྡན་པའི་ཟས་རིགས་ཐོན་སྐྱེད་དང་འཚོང་གཉེར་བྱེད་པའི་ཁེ་ལས་ཀྱིས་ཟས་རིགས་བདེ་འཇགས་པ་བཀོད་སྒྲིག་བྱེད་པ་དང་དུས་མཚུངས། ཁྲིམས་ལྟར་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བཀོད་སྒྲིག་བྱ་དགོས། ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོས་སྤྱིའི་འགན་འཁྲི་འཁུར་བ་དང་། ཟས་རིགས་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་། ཟས་རིགས་བདེ་འཇགས་ཀྱི་མི་སྣས་རིམ་པ་བགོས་ནས་འགན་འཁུར་བའི་ཟས་རིགས་བདེ་འཇགས་འགན་འཁྲིའི་མ་ལག་འཛུགས་དགོས་པའི་བླང་བྱ་བཏོན།

ཉེན་ཁ་འགོག་ཟོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་གཏན་འབེབས་ནང་ཁེ་ལས་ཀྱི་ཟས་རིགས་བདེ་འཇགས་ཉེན་ཁ་འགོག་ཟོན་གྱི་འགུལ་རྣམ་དོ་དམ་ལམ་སྲོལ་བཙུགས་ནས། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་གསལ་ཐོ་བཟོས་ཏེ། ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར་བྱེད་པ། ཟླ་བ་རེར་བཀོད་གཏོང་བཅས་ཀྱི་བྱ་བའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག་གཏན་འབེབས་ནང་ད་དུང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་འགན་འཁྲི་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱིས་ཟས་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་མེད་པ་དང་དེ་བཞིན་གཏན་འབེབས་ལྟར་བཀོད་སྒྲིག་དང་། གསོ་སྦྱོང་། དཔྱད་ཞིབ་བཅས་བྱས་མེད་པའི་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་དང་ཟས་རིགས་བདེ་འཇགས་པ་སོགས་བཅའ་ཁྲིམས་ཀྱི་འགན་འཁྲི་ཁྲིམས་ལྟར་གསལ་པོར་བཟོས་ཡོད།

གཡང་སྐྱིད་ཀྱིས་བསྒྱུར།