ཀོས་ནན་རྫོང་གིས་དམ་འཛིན་བཞི་འབུར་དུ་ཐོན་པར་བྱས་ནས་ཤེས་ལྡན་མི་སྣའི་བྱ་བ་བཟང་བོར་བསྒྲུབས།

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་བྱེད་པ་དང་། མཐུན་སྦྱོར་དང་ཞབས་ཞུ་བྱེད་པའི་སྟེང་ཤུགས་བཏོན་པ་དང་། འཆར་འགོད་དང་བརྗེ་རེས། གསོ་སྦྱོང་། མཐུན་སྦྱོར་བཅས་དམ་འཛིན་བྱེད་པ་བརྒྱུད་དེ། ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་ནས། ཀོས་ནན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

ཤེས་ལྡན་མི་སྣའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་རྒྱུ་རྐྱེན་གཙོ་བོར་བརྩིས་ནས་འཆར་འགོད་བྱས་པ་དང་། ཏང་གི་ཤེས་ལྡན་མི་སྣའི་བྱ་བའི་ཐད་ཀྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་བསྣན་ལ། ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རྫོང་ཏང་ཨུས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་སྤྱི་འཛིན་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་ཁུར་བྱེད་པ། མི་བཀོལ་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པའི་ཤེས་ལྡན་མི་སྣའི་བྱ་བའི་རྣམ་པ་གྲུབ་པར་བྱས།

གདམ་མངག་པ་སྡེ་བར་སོང་ནས་འགན་ཁུར་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། གཞི་རིམ་ལ་སོང་ནས་སྦྱོང་བརྡར་བྱེད་པ་དང་ནུས་པ་ཆེར་བསྐྱེད་པ། མྱུང་དུ་འཚར་ལོངས་འབྱུང་བ་བརྒྱུད་དེ། གྲོང་གསེབ་དར་སྤེལ་བྱེད་པའི་ཐད་ལང་ཚོའི་རིག་སྟོབས་དང་སྟོབས་ཤུགས་ཕུལ། སྡེ་སྡོད་བྱ་བའི་རུ་ཁག་ལ་དོ་དམ་ནན་མོ་བྱས་པ་དང་། ལས་ཞུགས་ཞིབ་བཤེར་དང་གནངས་བ་ཞུ་བ། ལས་རེས་བཀོད་སྒྲིག་དང་བྱ་བ་དང་འཚོ་བའི་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་ནས། སྡེ་སྡོད་ལས་བྱེད་པས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱས་པ་དང་། གྲོང་གསེབ་དར་སྤེལ་བྱེད་པའི་ཁྲོད་ཕྱུག་སྒྱུར་གྱི་སྣེ་ཁྲིད་པ་དང་ལག་རྩལ་གྱི་དཔེ་སྟོན་པ། བཅོས་སྐྱོང་གི་འགན་ཁུར་བ་བྱས་ཏེ། བྱ་བ་སྣ་ཚོགས་ལག་བསྟར་སྔར་ལས་བཟང་བོ་བྱེད་པར་སྐུལ་འདེད་བཏང་།

རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་ལས་རྐང་སྣ་ཚོགས་ཀྱི་དགོས་མཁོ་ལ་དམིགས་ནས། ཤེས་ལྡན་མི་སྣའི་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབས་པ་དང་། སློབ་ཁང་ནས་སློབ་ཁྲིད་བྱེད་པ་དང་མྱོང་ཚོར་རང་བཞིན་གྱི་སློབ་ཁྲིད་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ། གསོ་སྦྱོང་ལ་ཞུགས་པའི་ལས་བྱེད་པའི་རང་སྟོབས་ཀྱི་ནུས་པ་ཆེ་རུ་བསྐྱེད། མི་སྟོང་གཅིག་དང་ལྔ་བརྒྱར་ཞིང་ཕྱུགས་དང་རིག་གནས་ལུས་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཆེད་ལས་ལག་རྩལ་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་གོ་ཆོད་ལག་རྩལ་གསོ་སྦྱོང་དང་ལས་སྐྲུན་ཕྱུག་སྒྱུར་སྣེ་ཁྲིད་མི་སྣའི་གསོ་སྦྱོང་། སྦྲང་ཆར་འཆར་གཞི་སོགས་བརྒྱུད་དེ་གཙོ་གནད་གསོ་སྦྱོང་དང་ཁྱོན་ཡོངས་མཐོར་འདེགས་ཀྱི་གསོ་སྦྱོང་ཕན་འབྲས་བླངས།

རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་རྒྱུ་ཞབས་ཞུའི་དམིགས་འབེན་དུ་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་ཁ་གསབ་མ་དངུལ་ལག་བསྟར་ནན་མོ་བྱས་ལ། ཁུལ་རིམ་པའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་དཔྱད་འཇོག་ལ་ཞུགས་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་གྱི་དཔྱད་འཇོག་རིམ་པ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་གཟིགས་སྐྱོང་ཐོབ་ཐང་དོན་འཁྱོལ་བྱེད་ཆེད། དུས་ཐོག་ཏུ་ཤེས་ལྡན་མི་སྣའི་བྱ་བ་དང་སློབ་སྦྱོང་། འཚོ་བའི་ཁྲོད་གནས་པའི་དཀའ་ཁག་དངོས་ཐག་བཅད་དེ། ཤེས་ལྡན་མི་སྣའི་བྱ་བའི་གསོན་ཤུགས་ཆེ་རུ་བསྐྱེད།