ཐུན་ཏེ་རྫོང་གིས་འཇོན་མིའི་དཔུང་ཁག་བསྒྲིགས་ཏེ་གྲོང་གསེབ་དར་སྤེལ་བྱ་བ་སྤེལ་ཚད་ཇེ་མགྱོགས་སུ་བཏང་།

ཉེ་བའི་ལོ་འདི་འགར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཏང་ཨུས་ཏང་འཛུགས་ཀྱིས་འཇོན་མི་གཅིག་སྡུད་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། གཞི་རིམ་འཇོན་མིའི་བྱ་བ་དང་འཇོན་མིའི་དཔུང་ཁག་འཛུགས་པར་ཤུགས་ཆེན་པོ་བཏོན་ལ། འཇོན་མིའི་དཔུང་ཁག་བསྒྲིགས་ཏེ་འཇོན་མི་གཞི་རིམ་འཐབ་ཡུལ་དང་པོ་རུ་འཁོར་སྐྱོད་ཐུབ་པར་སྣེ་ཁྲིད་བྱས་ནས། ཚད་ཆེས་མཐོ་བའི་སྒོ་ནས་ཕྱོགས་སོ་སོའི་འཇོན་མི་གྲོང་གསེབ་དར་སྤེལ་བྱ་བའི་རླབས་ཆེན་ལས་དོན་ཁྲོད་དུ་གཅིག་སྡུད་བྱས།

མི་འདེམ་མི་བཀོལ་བྱ་བའི་ཁྲོད། གཞི་རིམ་འཐབ་ཡུལ་དང་པོའི་ཕུལ་བྱུང་ཏང་ཡོན་ལས་བྱེད་འཇོན་མིའི་ཁྲོད་ནས་མགོ་ཁྲིད་པ་འདེམ་པར་མཐོང་ཆེན་དང་། གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕུལ་བྱུང་ན་གཞོན་འཇོན་མི་འདེམ་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཆུང་དུ་ཞུགས་ནས་ཁྱད་འཕགས་སྟོབས་ཤུགས་གྲོང་གསེབ་དར་སྤེལ་བྱ་བའི་བཀོད་འདོམ་པུའུ་དང་སྡེབ་སྒྲིག་ཐུབ་པར་འགན་སྲུང་བྱས། དཔྱད་ཞིབ་ལམ་ལུགས་བཙུགས་ཏེ། མགོ་ཁྲིད་ལས་བྱེད་པ་དང་འཇོན་མི་བྱ་བའི་དཔྱད་ཞིབ་ནུས་ཚད་ཇེ་མཐོར་བཏང་ལ། ཏང་གི་ཆབ་སྲིད་དགེ་མཚན་དང་དཔྱད་ཞིབ་འགན་ནུས། འགན་སྲུང་དགེ་མཚན་དེ་འཇོན་མི་བྱ་བའི་མཉམ་ཤུགས་སུ་འགྱུར་བར་བྱས།

ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་གདམ་མངག་བྱ་རྒྱུ་དེ་དར་སྤེལ་བྱ་བས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་སུ་འགྱུར་བར་བྱས་ནས། ལས་གཉེར་རྐང་འཛིན་པ་དང་རྗེས་གྲབས་ལས་བྱེད་པ་བརྒྱ་དང་དོན་དྲུག་མངག་གཏོང་བྱས་ཏེ་གྲོང་གསེབ་དར་སྤེལ་བྱ་བའི་གཙོ་གནད་སྡེ་བར་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་དཔུང་ཁག་བསྐྲུན་པ་སོགས་ཀྱི་ཐབས་ལམ་བརྒྱུད་རོགས་སྐྱོར་རྣམ་གྲངས་དངོས་འབེབས་བྱས། ཐོན་ལས་འཇོན་མིའི་དཔུང་ཁག་དང་། ཞིང་གྲོང་འཇོན་མིའི་དཔུང་ཁག ཚན་རྩལ་དཔེ་སྟོན་ཁྱིམ་ཚང་སོགས་འཇོན་མིའི་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་འཇོན་མིའི་ཆ་འཕྲིན་མཛོད་བཙུགས་ཏེ་རིགས་སྣ་སོ་སོའི་འཇོན་མི་ངོས་ཟིན་པ་དང་དེ་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་དཔུང་ཁག་ནང་བསྡུ་ལེན་བྱས་ཏེ་དམིགས་འབེན་ལྟར་གསོ་སྐྱོང་བྱས་པས། གྲོང་གསེབ་དར་སྤེལ་བྱ་བར་རིག་ནུས་ཀྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།

ཚོགས་པ་སྒྲིག་པའི་བྱེད་ཐབས་ཀྱིས་འཇོན་མི་ནང་འགུག་བྱེད་པའི་རྣམ་པ་འཚོལ་ཞིབ་ལེགས་པོ་བྱས་ཏེ། རོགས་རམ་དང་སློབ་ཁྲིད་བརྒྱུད་སྒྲོག་བཅས་བྱེད་པ་ལག་བསྟར་བྱས་ནས། རྣམ་གྲངས་མཉམ་ལས་དང་ཚན་རྩལ་གྲུབ་འབྲས་ཀྱི་སྤོ་སྒྱུར་ལ་སྐུལ་འདེད་བཏང་། སྲིད་ཇུས་དང་། ལག་རྩལ། དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཇོན་ཐང་ཅན་དང་ཕྱི་རོལ་ལས་གཉེར་བྱེད་མཁན་ནང་འགུག་བྱས་ཏེ་ཐུན་ཏེ་རུ་ལས་སྐྲུན་བྱེད་དུ་བཅུག ཞིང་འབྲོག་ཁུལ་གྱི་འབྲོག་ལས་མཁས་པ་དང་ཞིང་ལས་མཁས་པ་འབྲོག་ཁུལ་དང་ཞིང་སྡེར་འགྲོ་བར་རྩ་འཛུགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱས་ལ། ཞིང་སྡེ་དང་འབྲོག་ཁུལ་གྱི་རང་སྤེལ་ནུས་པ་ཇེ་ཆེར་བཏང་། ལག་ཤེས་སློབ་ར་དང་དགེ་རྒན་མིང་གྲགས་ཅན་གྱིས་སློབ་མ་མིང་གྲགས་ཅན་སྐྱོང་བའི་སྟེགས་བུ་ཧུར་ཐག་གིས་བསྐྲུན་ནས། གཞུང་ལུགས་སློབ་གསོ་དང་། ཤེས་ཡོན་སློབ་གསོ། ཏང་གཤིས་སློབ་གསོ། འཇོན་མི་གསོ་སྐྱོང་སློབ་གསོ་སོགས་ཀྱི་སློབ་གསོའི་མ་ལག་བཙུགས་ཏེ། ཏང་གི་མགོ་ཁྲིད་དགེ་མཚན་གྱིས་འཇོན་མིའི་ཆབ་སྲིད་མོས་མཐུན་ཚོར་སྣང་དང་རྩ་འཛུགས་ཁོངས་གཏོགས་ཀྱི་ཚོར་སྣང་མུ་མཐུད་ཇེ་དྲག་ཏུ་བཏང་།