རྫ་སྟོད་རྫོང་གི་ཡུལ་ཚོ་རྗེས་མ་གཉིས་ལ་སྣུམ་ནག་གཞུང་ལམ་བསྐྲུན་ནས་ལེགས་འགྲུབ་བྱུང་།

གསར་འགོད་པས་ཟླ་བཅུ་པའི་ཚེས་བཞི་ཉིན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་རིམ་པའི་གཞུང་ལམ་གསུམ་བཞི་གསུམ་གྱི་རྫ་སྟོད་ནས་ཁྲ་བོ་ལའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་བཟོ་སྐྲུན་གྱི། རྫ་སྟོད་རྫོང་ཁྲ་འདམ་ཡུལ་ཚོ་དང་སྨུག་གཞུང་ཡུལ་ཚོའི་ས་ཁོངས་སྒྲོལ་མཚམས་ཀྱི་ལམ་ངོས་སུ་སྣུམ་སྙིགས་བཏང་ཚར་བ་དེའི་སྟེང་ནས། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཡུལ་ཚོ་རྗེས་མ་གཉིས་ལ་སྣུམ་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་མངོན་པར་མཚོན།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཆེས་ཛ་དྲག་ཆེ་ཤོས་ཀྱི་སྐབས་སུ། ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་ཟིས་རྫ་ཁྲ་གཞུང་ལམ་འཛུགས་སྐྲུན་ལས་གཞི་གཉེར་སྐབས། ལོ་ཧྲིལ་བོའི་འཛུགས་སྐྲུན་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། རྩ་འཛུགས་ཞིབ་ཚགས་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ། ས་བབ་མཐོ་ཞིང་དབྱང་དབུགས་དཀོན་པའི་དཀའ་ངལ་ཁྱད་དུ་སེལ་བ། རྒྱུ་ཆ་དང་ཨར་ལས་མི་སྣ་དཀོན་པ། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པ་སོགས་ཀྱི་དཀའ་ངལ་མང་པོ་གདོང་གིས་བསུས་ནས། དུས་མཚམས་ཀྱི་དམིགས་འབེན་ལ་གཟས་པ་དང་ལས་ཡུན་ལྡོག་སྒྲིག་བྱས་པ། ལས་སྣོན་གང་མང་བྱས་པ། འཛུགས་སྐྲུན་ནང་ཞུགས་མཁན་ལས་ཁུངས་སོ་སོ་རྩ་འཛུགས་བཅས་བྱས་ནས། ཨར་ལས་རྩ་འཛུགས་དང་འཕྲུལ་ཆས་མི་སྣ་བཀོད་སྒྲིག རྒྱུ་ཆ་བཀོད་སྒྲིག་གང་ལེགས་བྱས་པར་མ་ཟད། བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཕྱོགས་གང་ཅིའི་ལས་དོན་ཡག་པོ་བསྒྲུབས་པ་དང་། ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱ་ཆེད་རྨང་གཞི་བརྟན་པོ་བཏིངས། མིག་སྔའི་བར་དུ། རྫ་ཁྲ་གཞུང་ལམ་གྱི་གཙོ་རྐང་དང་དེ་བཞིན་སྨུག་གཞུང་ཡན་ལག་ལམ་བུའི་གཞི་རིམ་གྱི་ཨར་ལས་ཚང་མ་ཡོངས་འགྲུབ་བྱས་ཟིནཔ་དང་། ཤུལ་གྱི་བཟོ་སྐྲུན་གཞན་དག་དམ་འཛིན་བྱས་ནས་སྒྲུབ་ཀྱིན་ཡོད།

ཁྲ་འདམ་ཡུལ་ཚོ་དང་སྨུག་གཞུང་ཡུལ་ཚོའི་ས་མཚམས་སྒྲོལ་སའི་ལམ་དུམ་བུ་ཧྲིལ་པོར་སྤྱི་ལེ་བཞི་དང་གྲངས་ཆུང་གསུམ་ཡོད་པ་དང་། ཡུལ་ཚོ་འདི་གཉིས་ལ་སྣུམ་ལམ་ཤར་གཏོང་ཐུབ་པ་དེས། གྲོང་གསེབ་དང་དེ་བཞིན་དེའི་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་བཏང་ནས།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།གྲོང་གསེབ་དར་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན། མ་འོངས་པར།རྫ་ཁྲ་ལས་གཞི་གཞུང་སྒྲུབ་ཁང་གིས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས། དམིགས་འབེན་ཧྲིལ་པོ་ཡོངས་འགྲུབ་ཆེད་དུ་དངོས་འཛིན་དངོས་སྒྲུབ་བྱས་ཏེ།རྒྱུ་ཆ་དང་རྒྱུ་ཆས་དང་ཨར་ལས་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས།དུས་བཅད་ལྟར་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱ་རྒྱུ་རེད།