ཝང་ཏ་ནན་གྱིས་རྟ་ཐང་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཟླ་བཅུ་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། དཀྱིལ་སྙིང་གཞི་རིམ་དུ་བསྣུར་བ་དང་། གཞི་རིམ་གྱི་བྱ་བ་བཟང་བོར་བསྒྲུབ་པ། དྲིལ་སྒྲོག་སློབ་གསོའི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་སེམས་ལ་དྲོད་ཁོལ་སྦྱིན་པ། བློ་སེམས་གཅིག་མཐུན་བྱས་ཏེ། དངོས་གཉེར་གྱི་སྤྱོད་ཚུལ་དང་ཕན་ཡོད་ཏན་ཏིག་གི་བྱ་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རྫོང་སྨྱན་སྦྱོར་ལྟེ་གནས་དང་མིན་རྒྱལ་རབས་སྐབས་ཀྱི་ལྕགས་རི་རིང་བོའི་ཤུལ་བཞག་ཡུལ་དངོས་སོགས་སུ། ཝང་ཏ་ནན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། དྲིལ་སྒྲོག་རིག་གནས་གཡུལ་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། མང་ཚོགས་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱས་ནས། དྲིལ་སྒྲོག་ཚོང་རྟགས་བཟང་བོ་འཛུགས་སྐྲུན་བྱེད་དགོས། འདུ་ཤེས་འཛིན་སྟངས་ཐད་ཀྱི་འགོག་ར་བརྟན་པོ་འཛུགས་པ་དང་། རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱས་ཏེ། དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུས་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེས་རུ་གཏོང་བ་དང་། ཇུས་གཞི་ཇེ་ཞིབ་ཏུ་བཏང་ནས། ལྕགས་རི་རིང་བོའི་རིག་གནས་རིན་ཐང་སྔོག་འདོན་དང་རིག་དངོས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་བེད་སྤྱོད་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཝང་ཏ་ནན་ད་དུང་ཆིན་ཧྲན་ཡུལ་ཚོ་རུ་སོང་ནས་ཆུ་ལོག་གི་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཧེ་ཆོན་ཆུ་མཛོད་དང་ཟི་ལིང་བྱང་ཕྱོགས་ཀྱི་བགྲོད་ལམ་ཞིབ་བཤེར་བྱེད་སའི་རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་མ་ཟད། ཡུལ་དངོས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། གནོད་འགོག་ཤེས་བྱ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ། དུས་ཐོག་ཏུ་གནད་དོན་ཐག་བཅད་དེ། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལན་འདེབས་དགོས། ཚད་མཐའ་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ། ཁོངས་གཏོགས་ས་ཆའི་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་འགོག་སྡོམ་གནད་ལ་འཁེལ་བ་བྱེད་པ། མང་ཚོགས་ཀྱིས་མཉམ་འགོག་མཉམ་སྡོམ་བཟང་བོ་བྱེད་པར་སྐུལ་སློང་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་འགོག་ར་བརྟན་པོ་འཛུགས་དགོས།