མཚོ་ནུབ་ཁུལ་གྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་ཐད་ཤུགས་བསྣན།

འཕེལ་རྒྱས་ཐད་ཀྱི་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བ་དང་། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བའི་འགྲན་རྩོད་ལ་ཁ་ཕྱོགས་ནས། ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་དགེ་མཚན་འབུར་དུ་ཐོན་པར་བྱས་པ་དང་། ལས་གཞིའི་འདེགས་སྐྱོར་ཇེ་ཆེར་བཏང་ལ། དམིགས་འབེན་ལ་དམ་དུ་དམིགས་པ་དང་། ཤུགས་གནད་ལ་འཁེལ་བ་བཏོན་ནས། ལོ་སྟོད་ཀྱི་ཞིང་ཕྱུགས་ལས་ཀྱི་སྤྱིའི་རིན་གྲངས་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་བརྒྱད་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་ལྷག་འཕར་སྣོན་བྱུང་བའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན།

མཚོ་ནུབ་ཁུལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་པའི་གནད་འགག་གི་ལོར། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱས་པ་དང་། ཚྭ་འདམ་གཞོང་གི་མཐོ་སྒང་གི་སྐྱེ་ཁམས་བྱེ་ཐང་སྤང་ལྗོངས་ཞིང་ཕྱུགས་ལས་འཕེལ་རྒྱས་ཁུལ་འཛུགས་སྐྲུན་བྱས་ལ། ཞིང་ཕྱུགས་ལས་དེང་རབས་ཅན་དང་ཞིང་ཕྱུགས་ཐོན་རྫས་ཀྱི་མུ་ཐག་ཧྲིལ་བོའི་མཉམ་བསྲེས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ནས། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་གསོན་ཤུགས་བསྣན། ཚད་གཞི་མཐོ་བའི་ཞིང་ས་དང་དེང་རབས་སྐྱེ་ཁམས་ཕྱུགས་ར་སོགས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཁུལ་འཛུགས་སྐྲུན་བྱེད་པ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་བྱེད་པ་དང་རྩྭ་ས་རེས་སྐོར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ། འདེབས་གསོ་གསོ་སྤེལ་གཞི་ཁྱོན་གཏན་འཇགས་སུ་གཏོང་བ་བཅས་བརྒྱུད་དེ། འབྲུ་རིགས་བདེ་འཇགས་དང་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱས། ད་ལོའི་ལོ་སྟོད་ཏག་ཏག་ལ། ཁུལ་ཡོངས་ཀྱིས་རིགས་མི་འདྲ་བའི་ལོ་ཏོག་འདེབས་ཚད་སྤྱི་ཆིངས་ཁྲི་བདུན་ལ་སླེབས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བདུན་གྱིས་ཇེ་མང་དུ་སོང་ཡོད་ལ། ཕྱུགས་ལས་ཐད་ཀྱི་ལག་ཡོད་ཕྱུགས་གྲངས་ས་ཡ་བཞི་དང་འབུམ་གཉིས་ཁྲི་དགུ་སྟོང་བརྒྱད་དྲུག་བརྒྱ་ལ་སླེབས་པ་དང་། འབུམ་གཉིས་དང་ཁྲི་གཉིས་བཤས་ཁོངས་སུ་བཏང་ལ། སོ་སོར་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་དང་གྲངས་གཉིས་གཉིས་དང་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་གཉིས་དགུ་ཇེ་མང་དུ་སོང་ནས། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གཞི་རྩ་བརྟན་སྲུང་བྱས།

མཚོ་ནུབ་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། རང་སྟེང་གི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་ཟུང་འབྲེལ་བྱས་ནས། ཧུར་ཐག་གིས་ནོར་གནག་དང་བོད་ལུག འཕང་འབྲས། ནས། གཟན་རྩྭ་སོགས་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ལིས་གྲོ་དང་སྒྲིག་ཆས་སྔོ་ཚལ་དང་སིལ་ཏོག ཚྭ་འདམ་གཞོང་གི་རྔ་མོང་སོགས་ཁྱད་ལྡན་ཐོན་ལས་དར་སྤེལ་བྱས་ལ། མཐོ་སྒང་གི་སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་ལས་དང་འདེབས་གསོ་ཟུང་འབྲེལ་གྱི་འཁོར་རྒྱུག་ཞིང་ཕྱུགས་ལས་ཐོན་ལས་ཁུལ། སྤུས་མཐོ་མཉམ་བསྲེས་ཀྱི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ཁུལ་གོང་འཕེལ་དུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་བརྟེན་ནས། མཚོ་ནུབ་ཁུལ་གྱིས་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ལ་ཁ་གཏད་འཇལ་བའི་ཐད་ནུས་པ་གལ་ཆེན་བཏོན།

ཞིང་ཕྱུགས་སྡེ་ཁག་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་ནུབ་ཁུལ་གྱིས་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དགུ་ས་ཡ་དྲུག་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་ལས་གཞི་གྱ་ལྔ་ལག་བསྟར་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཀོད་ཡོད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་སོགས་ལས་གཞི་རེ་དྲུག་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གསུམ་དངོས་འབེབས་བྱས་ལ། ལས་གཞི་སོ་དྲུག་ལག་བསྟར་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། ནོར་གནག་གསོ་སྤེལ་རྟེན་གཞི་གཉིས་དང་བོད་ལུག་གསོ་སྤེལ་རྟེན་གཞི་གཉིས་གསར་དུ་འཛུགས་སྐྲུན་བྱས་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་གསུམ་འཛུགས་སྐྲུན་བྱས། དེ་དང་མཉམ་དུ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སའི་ལས་གཞི་ཉི་ཤུ་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཀོད་ཡོད་ལ། དེའི་ཐད་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་འབུམ་བརྒྱད་གཏོང་རྒྱུ་རེད། མིག་སྔར། ན་གོར་མོ་གྲོང་ཁྱེར་གྱི་ཁྱད་ལྡན་སྐྱེ་དངོས་དང་དབུལ་སྐྱོར་མཉམ་འབྲེལ་གྱི་ཐོན་ལས་ར་བ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནོར་གནག་ཚན་རྩལ་ཐོན་ལས་ར་བའི་དུས་རིམ་དང་པོའི་བཟོ་སྐྲུན་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།