མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་ལྔ་བཏང་ནས་རྨ་ཆུར་སྲུང་སྐྱོབ་བྱས།

ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འགོ་ཁུངས་ཀྱི་འགན་འཁྲི་དང་གཞུང་ཆུའི་ཁག་ཁུར་ལ་རྐང་བཙུགས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བའི་བཀོད་སྒྲིག་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་དང་བརྗེ་རེས་བྱས་ཏེ། རྨ་ཆུའི་ཀྲུང་དབྱང་སྔོན་རྩིས་ནང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་ལྔ་བརྩོན་ལེན་བྱས་ནས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་སྐོར་ཞིག་ཐད་རྒྱབ་སྐྱོར་བྱས་ནས། རྨ་ཆུ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བརྩོན་ལེན་བྱས་པའི་རྨ་ཆུའི་ཀྲུང་དབྱང་སྔོན་རྩིས་ནང་གི་ཆེད་སྤྱོད་མ་དངུལ་གྱིས་རྨ་ཆུའི་ཆུ་རྒྱུན་གཙོ་བོའི་ས་ཁུལ་མགོ་ལོག་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་ལས་གཞི་སོགས་ལས་གཞི་ལྔའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུ་རྒྱུན་གཙོ་བོའི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ལ། ལས་གཞི་ཁུལ་གྱི་རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་ཡན་ལག་ཆུ་བོ་འགྲམ་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། འགྲམ་གཉིས་ཀྱི་ས་ཆུ་ཤོར་ཚད་ཇེ་ཉུང་དུ་སོང་བ་དང་། འགྲམ་གཉིས་ཀྱི་མཐོ་སྒང་གི་རྩྭ་སར་སྲུང་སྐྱོབ་བྱས་ལ། ཁུལ་ཁོངས་གཙོ་བོའི་ཆུའི་སྐྱེ་ཁམས་གནད་དོན་ཐག་བཅད་པ་དང་། ལས་གཞི་ཁུལ་གྱི་ཆུའི་སྐྱེ་ཁམས་རྩོལ་ནུས་མཐོར་འདེགས་བཏང་།

ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་། རྒྱལ་ཁབ་ཀྱི་མ་དངུལ་གཏོང་ཕྱོགས་གཙོར་བཟུང་བ། བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་པ་དང་། རྨ་ཆུའི་འཆར་འགོད་སྲིད་ཇུས་ལག་བསྟར་བྱེད་པར་དམ་འཛིན་བྱས་ཤིང་། ལས་གཞི་འཆར་འགོད་དང་ཡིག་ཐོག་སྙན་ཞུ། གྲབས་གསོག་བྱེད་ཤུགས་ཆེར་བཏང་བ་དང་། ཆུའི་ཐོན་ཁུངས་བསྐྱིལ་གསོག་རྩོལ་ནུས་ཇེ་དྲག་ཏུ་བཏང་ཞིང་ས་ཆུ་སྲུང་འཛིན་ནུས་པ་མཐོར་འདེགས་བཏང་ལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་རང་གསོ་ནུས་པ་ཇེ་མཐོར་བཏང་བ་དང་། སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་བཏང་བ་མ་ཟད། སྐྱེ་ཁམས་མ་ལག་གི་རྩོལ་ནུས་མངོན་གསལ་སྒོས་ཇེ་མཐོར་བཏང་སྟེ། རགས་གཉིས་ཁུལ་གསུམ་གྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་གྲུབ་པར་སྐུལ་འདེད་བཏང་།

གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་མཉམ་དུ་ལས་གཞིའི་བཀོད་གཏོང་ལ་ཤུགས་སྣོན་པ་དང་། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས་ཏེ། སྔ་མོ་ནས་ལས་གཞི་འཛུགས་སྐྲུན་གྱི་སྐྱེ་ཁམས་ཕན་འབྲས་དང་ཁོར་ཡུག་ཕན་འབྲས། སྤྱི་ཚོགས་ཕན་འབྲས་འདོན་སྤེལ་བྱེད་རྒྱུ་རེད། དེ་དང་མཉམ་དུ། སྤྱི་ཁོག་ནས་སྲུང་སྐྱོབ་བྱེད་པ་དང་མ་ལག་སླར་གསོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བསམ་ཕྱོགས་ལྟར། ས་བབ་དང་བསྟུན་པ་དང་རིགས་བགར་ནས་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱེད་པ། ཆུ་རྒྱུན་གཙོ་བོ་དང་འགྲམ་གཉིས་གཞི་གཅིག་ཏུ་སྤེལ་བར་གཅིག་འདོམས་བྱེད་པ། མུ་མཐུད་དུ་ཚན་རིག་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་ལས་གཞི་ལ་འཆར་འགོད་བྱེད་པ་དང་ལག་བསྟར་བྱེད་པ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་འདེགས་སྐྱོར་བྱས་ནས། རྒྱལ་ཁབ་ཀྱི་བརྟན་ཞིང་སྲ་བ་དང་འདེགས་སྐྱོར་ཤུགས་ཡོད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་འཛུགས་སྐྲུན་བྱེད་རྒྱུ་རེད།