《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཀྱི་སློབ་སྦྱོང་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཉེ་ལམ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས། 《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ཀྱི་སློབ་སྦྱོང་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་རྩ་འཛུགས་སྒོས་རྩོམ་སྒྲིག་བྱས་ནས། མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

དེབ་འདིའི་ནང་དོན་གྱིས《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཞི་གྲངས་དཔལ་འབྱོར་གོང་སྤེལ་འཆར་འགོད》ཀྱི་མ་ཡིག་དང་དམ་པོར་སྦྲེལ་ཏེ། ཆེད་དོན་བཅུ་གཉིས་དང་གནད་དོན་བརྒྱད་ཅུ་རུ་དབྱེ་ནས། 《འཆར་འགོད》ལ་ཁྱོན་ཡོངས་ནས་གསལ་འགྲེལ་བྱས་པ་དང་། གཞི་གྲངས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། འཕེལ་རྒྱས་ཀྱི་དམིགས་ཚད། གཙོ་གནད་ལས་འགན། འགན་ལེན་བྱེད་ཐབས་བཅས་མངོན་གསལ་དོད་པོས་གསལ་བཤད་བྱས་ཡོད་ཅིང་། དཔེ་དེབ་དེ་ནི《འཆར་འགོད》ཀྱི་སྤྱིའི་བསམ་བློ་དང་ལས་འགན། བླང་བྱ་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་ཁག་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ནས་བཤད་ན། དབང་གྲགས་ལྡན་པའི་ཟུར་བསྟེན་ཀློག་དེབ་ཅིག་རེད།