རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་གཞན་དག་ཏུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་སོགས་ལས་ཁུངས་ཀྱིས་བྱེད་སྒོ་སྤེལ་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས།

བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་པོ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་སུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཕོ་ཉ་ཚོགས་པ་སོགས་ཀྱིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས།

ཟླ་དགུ་པའི་ཚེས་སུམ་ཅུ་ཉིན། ཨུ་རུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་དང་ཨུ་ཀྲུང་མཛའ་འབྲེལ་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་ཀྲུང་ཨུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོ་གསར་པས་བླངས་པའི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། རྒྱལ་ཁབ་གཉིས་ཀའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཁུ་པ་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་དང་དེ་བཞིན་ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་རེ་གཉིས་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁྲོད་དུ། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅེས་བསྟན།

དེ་བཞིན་དུ་ཁ་ཐར་དང་ཨོ་སི་ཁྲུ་ལི་ཡ།ཨ་ཧྥེ་རི་ཁ་ལྷོ་མ་སོགས་སུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོགས་ཞུགས་མི་སྣས། མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཐུན་མོང་ཐོག་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།

བསྟུད་མར་ཉིན་འགའི་རིང་ལ། ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་ཡོ་རོབ་མནའ་འབྲེལ། ཨ་ཧྥེ་རི་ཁ་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཕོ་ཉ་ཚོགས་པས་ཀྱང་། རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས།