ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་དངོས་སུ་བསྐྱོད་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཏུ། རང་རྒྱལ་གྱིས་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། སྒྱུར་བཅོས་རང་བཞིན་གྱི་ལག་ལེན་རབ་དང་རིམ་པ་བརྒྱུད་པ། ཐོད་བརྒལ་རང་བཞིན་གྱི་གོང་འཕེལ་རབ་དང་རིམ་པ་བྱུང་བ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱས་ཡོད།

ཟླ་བཅུ་པའི་ཚེས་གཉིས་ཉིན་ནས་བཟུང་། གསར་འགྱུར་མཉམ་སྒྲོག་ལེ་ཚན་གྱིས་མུ་འབྲེལ་ལེ་ཚན《རླབས་ཆེན་བསྐྱར་དར་གྱི་བརྗིད་ཆགས་ཡིད་དུ་འོང་བའི་ལམ་བུ》ཞེས་པ་དངོས་སུ་བཏོན་ནས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཏེ། ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་བཅུ་བཞི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།