རྒྱལ་ཡོངས་ཀྱི་རྫོང་རིམ་པའི་གྲོང་གསེབ་ཐོན་ལས་དར་སྤེལ་སྐུལ་སྤེལ་ཕྱོགས་ནས་བཙུགས་པའི་ཁྲིམས་ཐོག་མ་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།

རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གྲོང་གསེབ་ཐོན་ལས་དར་སྤེལ་སྐུལ་འདེད་སྲོལ་ཡིག་ཅེས་པ་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་བྱ་བའི་གསར་སྐྲུན་རང་བཞིན་སྒོས་བཙུགས་པའི་ཁྲིམས་ཐོག་མ་ཡིན་ལ། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་གྲོང་གསེབ་ཐོན་ལས་དར་སྤེལ་སྐུལ་སྤེལ་ཐད་བཙུགས་པའི་ཁྲིམས་ཐོག་མ་ཡང་རེད།

རྟ་ཐང་རྫོང་གིས་གྲོང་གསེབ་ཐོན་ལས་དར་སྤེལ་སྐུལ་འདེད་སྲོལ་ཡིག་གཏན་འབེབས་བྱས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་སྐུལ་སྤེལ་བཅའ་ཁྲིམས་དོན་འཁྱོལ་ནན་མོ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། གྲོང་གསེབ་ཐོན་ལས་དར་སྤེལ་གྱི་སྐུལ་སྤེལ་སྲོལ་ཡིག་གཏན་འབེབས་བྱེད་པ་ནི་གྲོང་གསེབ་ཐོན་ལས་ཀྱི་གྲུབ་ཚུལ་སྣ་གཅིག་ཡིན་པ་དང་ཁྱད་ཆོས་དགེ་མཚན་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་མི་འདང་བ། ཐོན་ལས་མུ་ཐག་ཐུང་བ། ཞིང་ཞོར་ཐོན་རྫས་ཀྱི་ཟུར་སྣོན་རིན་གྲངས་མི་མཐོ་བ་སོགས་གནད་དོན་ཐག་གཅོད་པའི་དགོས་མཁོ་ཡིན་པ་དང་། རྟ་ཐང་རྫོང་གི་གྲོང་གསེབ་ཐོན་ལས་དར་སྤེལ་སྐུལ་སྤེལ་སྲོལ་ཡིག་གིས་རྟ་ཐང་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་གཙོ་བོར་གཞིགས་པ་དང་། འབྲུ་རིགས་བདེ་འཇགས་དང་འདེབས་གསོ་གསོ་སྤེལ་ལས་རིགས། ཐོན་ལས་ཀྱི་ཚོང་རྟགས་འཛུགས་སྐྲུན། ཚན་རྩལ་ཞིང་དར་དང་གྲོང་གསེབ་གནས་སྐོར། ར་བའི་ཁུལ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་སོགས་ལ་དམིགས་ནས། རྟ་ཐང་རྫོང་གི་ཕན་པ་ལྡན་པའི་གྲོང་གསེབ་དར་སྤེལ་སྲིད་ཇུས་དང་བྱེད་ཐབས། ཉམས་མྱོང་དང་བྱ་བའི་རྐྱེན་སྲོལ་བཅས་བཅའ་ཁྲིམས་ཅན་དུ་བསྒྱུར་བ་དང་། ཟི་ལིང་བྱང་རྒྱུད་ཀྱི་སྐྱེ་ཁམས་འགོག་ར་བརྟན་པོ་འཛུགས་པ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་རྫོང་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།