འདི་ནས་གནའ་བོའི་དོང་ཙེ་འབོར་ཆེན་རྙེད།

འདི་ནི་ཧན་རྒྱལ་རབས་དུས་ཀྱི་ཁྲང་ཨན་ཁྲིན་གྲོང་ཁྱེར་གྱི་ཀྲོ་ལོན་ཀྲུང་ཀོན་དོང་ཙེའི་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱེད་སའི་ཡུལ་དངོས་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས་པའི་འདྲ་པར།

ལོ་ངོ་ཉིས་སྟོང་ལྷག་གི་སྔོན་གྱི་རྒྱལ་ཁབ་དངུལ་སྒོར་བཟོ་གྲྭ་ནས་གནའ་བོའི་དོང་ཙེ་སོགས་ཤུལ་བཞག་དངོས་པོ་འབོར་ཆེན་རྙེད།

ད་ལྟའི་བར་དུ་ལོ་ངོ་ཉིས་སྟོང་ལྷག་སོང་བའི་རྒྱལ་ཁབ་དངུལ་སྒོར་བཟོ་གྲྭ་སྟེ། ཧན་རྒྱལ་རབས་དུས་ཀྱི་ཀྲོ་ལོན་ཀྲུང་ཀོན་དོང་ཙེའི་རྗེས་ཤུལ་དུ་ཡང་བསྐྱར་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གལ་ཆེན་བྱུང་ཡོད་ཅིང་། གནའ་རྫས་རྟོག་ཞིབ་པས་གནས་འདི་ནས་ཧན་རྒྱལ་རབས་ནུབ་མ་ནས་ཤིན་མང་དུས་སྐབས་བར་གྱི་ཟངས་དངུལ་དང་དངུལ་ལུགས་ཀྱི་རྫ་ཆས། བཙོ་སྦྱངས། ཁྲོན་པ་སོགས་ཀྱི་རྗེས་ཤུལ་མང་པོ་ཞིག་རྙེད་ཡོད་པ་རེད།

ཀྲོ་ལོན་ཀྲུང་ཀོན་དོང་ཙེའི་རྗེས་ཤུལ་ནི་ཧྲའན་ཞི་ཞིང་ཆེན་ཤི་ཨན་གྲོང་ཁྱེར་ཤི་ཞན་ཁུལ་གསར་གྱི་ཧྥེང་ཞི་གྲོང་གསར་གྱི་སྲང་ལམ་དོན་གཅོད་ཁང་གི་ཀྲོ་ལུན་གྲོང་ཚོའི་རྒྱུད་དུ་ཡོད་པ་དང་། ཧན་ནུབ་མའི་དུས་སུ་ཧྲང་ལིན་ཡོན་གྱི་ཁོངས་སུ་གཏོགས། སྤྱི་ལོ་2015ལོའི་ཟླ་12པ་ནས་བཟུང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཧན་རྒྱལ་རབས་དུས་ཀྱི་ཁྲང་ཨན་གྲོང་ཁྱེར་གྱི་ལས་དོན་རུ་ཁག་དང་ཤི་ཨན་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་ངང་བཙུགས་པའི་གནའ་རྫས་རྟོག་ཞིབ་རུ་ཁག་ཅིག་ཡིན་ལ། དེས་གནའ་ཤུལ་དེར་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་རེད།

འདི་ནི་སྔོག་འདོན་བྱས་ནས་ཐོན་པའི་ཧྥན་ཏོན་སྒོར་མོའི་དུམ་བུ་རེད། པར་ལེན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབྱང་དབྱི་མེའོ་ཡི།

རྗེས་ཤུལ་དེ་ལྷོ་ངོས་དང་བྱང་ངོས་ཁག་གཉིས་སུ་དབྱེ་ཡོད་ཅིང་། བྱང་ཕྱོགས་ནི་དཀྱིལ་འཁོར་ཡངས་མོ་ཅན་ཞིག་ཡིན་ཞིང་དཀྱིལ་འཁོར་ནང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་10ཡས་མས་ཡོད་པ་དང་། ལྷོ་ཕྱོགས་ནི་མཁར་ཤུལ་ཞིག་རེད། སྤྱི་ལོ་2021ལོའི་ཟླ་3པ་ནས་བཟུང་། གནའ་རྫས་རྟོག་ཞིབ་པས་ཀྲའོ་ལུན་གྲོང་ཚོའི་བྱང་ཤར་རྒྱུད་ཀྱི་སྨི་1100ཡས་མས་ཀྱི་མཐའ་ནས་རེས་སྐོར་གསར་པའི་སྔོག་འདོན་འཚོལ་ཞིབ་ལས་དོན་གསར་པ་སྤེལ་ཏེ། ཁྱོན་བསྡོམས་ཧན་རྒྱལ་རབས་ནུབ་མ་དང་ཤིན་མང་དུས་ཀྱི་ས་དོང་100ལྷག་དང་། སྡོད་ཁང་3། སོ་ཕག་ཁང་པ་11། ཁྲོམ་པ་18། སོ་ཕག་གི་རྫིང་བུ་གཅིག བཙོ་སྦྱངས་རྗེས་ཤུལ་3བཅས་སྔོག་འདོན་བྱས་པ་དང་། སོ་ཕག་བཏིང་ཡོད་ས་དང་ དངུལ་སྒོར་བཏིང་ཡོད་སའི་ས་ངོས་མང་པོ་རྙེད་པ་མ་ཟད་དངུལ་སྒོར་གྱི་ཆག་རོའང་སྟོང་ཕྲག་ཁ་ཤས་རྙེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཅན་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོག་འདོན་བྱས་པའི་དངུལ་སྒོར་གྱི་རིགས་ལ་ “ཀྲུའུ་ལྔ”དང་།“ཏ་ཆོན་ལྔ་བཅུ”“ཞོ་ཆོན་ཀྲུ་དབྱི”“ཆི་ཏའོ་ལྔ་བརྒྱ”སོགས་ཡོད་པ་མ་ཟད། དངོས་རྫས་ཀྱི་གྲས་སུ་ད་དུང་རྫ་གཡམ་དང་། ལྕགས་རིགས། ཝ་ཏང་། ལུགས་ཀོང་། རྔ་རླུང་སོགས་ཡོད། བཟོ་དབྱིབས་ཀྱི་ངོས་ནས་བལྟས་ཚེ་ཚང་མ་ཧན་ནུབ་མ་དང་ཤིན་མང་དུས་ཀྱི་ཤུལ་བཞག་དངོས་རྫས་ཁོངས་སུ་གཏོགས། གཞན་ད་དུང་ “ཀྲུའུ་ལྔ”དང་།“ཏ་ཆོན་ལྔ་བཅུ”“དབྱི་ཏོ་ཕིང་ལྔ་སྟོང་”སོགས་ཀྱི་དོང་ཙེའང་རྙེད།

འདི་ནི་སྔོག་འདོན་བྱས་ནས་ཐོན་པའི་ཟངས་དངུལ་རེད། པར་ལེན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབྱང་དབྱི་མེའོ།

ཀྲང་ཅན་ཧྥུང་གིས། ཀྲོ་ལོན་ཀྲུང་ཀོན་དོང་ཙེའི་རྗེས་ཤུལ་ནི་རང་རྒྱལ་གྱིས་ད་ལྟ་ཉར་ཚགས་བྱེད་བཞིན་པའི་ཧན་རྒྱལ་རབས་ནུབ་མ་དང་ཤིན་མང་དུས་སྐབས་ཀྱི་རྒྱལ་ཁབ་རིམ་པའི་དངུལ་སྒོར་ལུགས་མའི་རྗེས་ཤུལ་གལ་ཆེ་ཤོས་ཤིག་རེད། ཐེངས་འདིར་གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བའི་ཤུལ་བཞག་དངོས་པོའི་གྲངས་འབོར་མང་ཞིང་བཟོ་དབྱིབས་སྣ་ཚོགས་ཡིན་པས། སྐབས་དེ་དུས་ཀྱི་དངུལ་ལོར་ལུགས་མའི་བཟོ་རྩལ་དང་། དངུལ་ལོར། དཔལ་འབྱོར་སྲིད་ཇུས་ཀྱི་འཕོ་འགྱུར་སོགས་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།