པདྨ་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༧༣ལོན་པར་རྟེན་འབྲེལ་ཞུས་པ་དང་རྒྱལ་དར་སྒྲེང་བའི་མཛད་སྒོའང་བསྡུས།

རྒྱལ་ཡོངས་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུ་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༧༣ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པའི་སྐབས་འདིར། པདྨ་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་རྩ་འཛུགས་བྱས་ཏེ་གཟི་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་བསྡུས་ཤིང་། མཉམ་གཅིག་ཏུ་ཀྲུང་གོ་གསར་པར་བསྟོད་གླུ་བླངས་ནས་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་འབངས་མིའི་འཚོ་བ་དེ་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུས། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ལིའུ་ཀྲིན་ཝེ་དང་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད། རྫོང་ཨུའི་པུའུ་ཨུ་ཁག་དང་རྫོང་ཐད་གཏོགས་ལས་ཁུངས། རྫོང་དུ་བཅའ་སྡོད་བྱས་ཡོད་པའི་ཞིང་ཆེན་དང་ཁུལ་གྱི་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དག ལས་བྱེད་ལས་བཟོ་ཁྱོན་མི༥༠༠ལྷག་ཙམ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཝེ་གོ་ཡིས་མཛད་སྒོ་ལ་མགོ་འཛིན་མཛད།

རྫོང་ཏང་སྲིད་ཕྱོགས་བསྡུས་ར་སྐོར་ནང་རྣམ་པ་བརྗིད་ཉམས་ལྡན་ལ་རྒྱལ་དར་མཐོན་པོ་དེ་ལས་མངོན་གསལ་དོད་པོ་ཡོད་པས་ཏང་ཡོན་ལས་བྱེད་པའི་བྲང་ཁར་ཏང་རྟགས་བཏགས་ནས་ཕྲེང་བསྒྲིགས། ཞོགས་པའི་ཆུ་ཚོད༩སྟེང་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་མགོ་ཚུགས་ཤིང་། དཔའ་ཉམས་ལྡན་པའི་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་མདུན་སྐྱོད་ཀྱི་གོམ་སྟབས་སྤོས་ནས་རྒྱལ་དར་སྲུང་སྐྱེལ་བྱས་ཏེ་རྒྱལ་དར་སྒྲེང་སའི་སྟེགས་བུའི་སྟེང་བསྐྱོད་པ་དང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གྲགས་པ་དང་ཆབས་ཅིག་དར་ཆ་སྒྲེང་མཁན་གྱིས་ནུས་ཤུགས་ཡོད་རྒུས་ལག་ནང་གི་རྒྱལ་དར་མཁའ་དབྱིངས་སུ་གཡུག་པ་དང་། ཚོན་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་རྒྱལ་དར་ཉི་འོད་འོག་དལ་བུར་སྒྲེང་། རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ་དང་མི་སྣ་ཡོངས་ཀྱིས་རྒྱལ་དར་ལ་ཁ་ཕྱོགས་ནས་གཟབ་ནན་ངང་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཏེ་རླབས་ཆེན་མེས་རྒྱལ་ལ་འཛད་མཐའ་མེད་པའི་གུས་འདུད་དང་སྨོན་འདུན་ཞུས།

སྐར་ལྔའི་རྒྱལ་དར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བ་དང་བྲང་ཁའི་ཏང་རྟགས་ཉི་གཞོན་བསུ་བཞིན་འོད་ཆེམ་ཆེམ་དུ་འཕྲོས་ནས་དཔའ་ངར་ཆེར་བསྐྱེད་ཀྱི་རྒྱལ་གླུ་ཡུན་རིང་གྲགས་པས་དེ་གར་ཡོད་པའི་མི་ཚང་མར་གཡོ་འགུལ་ཆེན་པོ་མི་ཐེབས་མཁན་གཅིག་ཀྱང་མེད། མཛད་སྒོ་མཇུག་འགྲིལ་རྗེས་ཚང་མ་གཅིག་རྗེས་གཉིས་མཐུད་ངང་རྒྱལ་དར་སྟེགས་བུའི་མདུན་དུ་ཡོང་ནས་རྒྱལ་དར་དང་དྲན་རྟེན་མཉམ་པར་བླངས་ནས་མེས་རྒྱལ་ལ་སྨོན་འདུན་ཞུས་ཤིང་། ཐོག་མའི་སེམས་འདུན་མི་བརྗེད་པར་ལས་སྒྲུབ་ལས་གཏོད་ཀྱི་དད་སེམས་བརྟན་པོ་མཚོན་པར་བྱས། ཚང་མས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པར་སྤྲོ་སེམས་རབ་ཏུ་རྒྱས་བ་དང་སྐུལ་ལྕག་ཆེན་པོ་ཐེབས་ནས་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་པདྨ་རྫོང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་བྲིས་པའི་འཆར་གཞི་མངོན་འགྱུར་བྱེད་པའི་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ལྷག་བསམ་ཟོལ་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་དེ་བྱ་བའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་འབད་བརྩོན་ཧུར་ཐག་དང་ཞུམ་མེད་ངང་སྐར་ལྔའི་རྒྱལ་དར་ལ་འོད་མདངས་རབ་ཏུ་འཕྲོ་བ་བྱེད་དགོས། 

༢༠༢༢ལོ་ནི"ལོ་ལྔའི་འཆར་འགོད་བཅུ་བཞི་པ"ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ་ང་ཚོས་ཞུན་བརྡར་མདུན་སྐྱོད་དང་རྣམ་པ་གསར་གཏོད་ཀྱི་འགག་རྩའི་ལོ་ཞིག་དེ་བས་ཀྱང་ཡིན། པདྨ་རྫོང་གིས་སྐབས་དེ་དང་བསྟུན་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ནས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ཆར་རླུང་དང་འགྲན་སློང་ལ་མི་སྐྲག་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དེ་ལས་དཔའ་ངར་ཆེར་བསྐྱེད་ཀྱི་ངར་སེམས་དང་དེ་ལས་ཚ་ཚ་འུར་འུར་གྱི་སྤྲོ་སེམས། དེ་ལས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་འབད་བརྩོན་ཧུར་ཐག་བྱེད་པ་དང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དེ་པདྨའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས། ཏང་ལེགས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན། གྲོང་གསེབ་དར་སྤེལ། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་འགག་སྒྲོལ་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲུབ་འབྲས་ཕུལ་དུ་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

ཞང་གྲོང་རྡལ་དང་དགོན་སྡེ། སློབ་གྲྭ་ཁག་གིས་དུས་གཅིག་ཏུ་རྒྱལ་དར་སྒྲེང་བའི་མཛད་སྒོ་བསྡུས་ནས་རླབས་ཆེན་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་དང་ཆེས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག