མཚོ་སྔོན་གྱི་དཔེ་མཚོན་ལྡན་པའི་ཉམས་མྱོང་གསུམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་གཟེངས་བསྟོད་གནང་བའི་དཔེ་མཚོན་ཉམས་མྱོང60གྲས་སུ་ཚུད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ཁྱབ་སྒྲོག་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཐེངས་དགུ་བའི་ཁྲོད་དཔེ་མཚོན་ཅན་གྱི་ཉམས་མྱོང་དང་བྱེད་ཐབས60ལ་གཟེངས་བསྟོད་གནང་ཡོད། དེའི་ནང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དམིགས་སུ་བཟུང་ནས་སྐུལ་འདེད་གཏིང་ཟབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒུ་རྩལ་དུ་སྤྲུགས་ནས“ནུས་ཁུངས་སྦྲེལ་གསོག”ལ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བཏོད་པ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས“འཁོར་ཟུང་སྒུལ་ཤུགས”ལ་བརྟེན་ནས་དཔལ་འབྱོར་གྱི་ལྡེའུ་གཞོང་ཆེན་པོ་གཏན་འཇགས་སུ་བཏང་བ་གསུམ་དཔེ་མཚོན་ལྡན་པའི་ཉམས་མྱོང་གི་མཚན་ཐོར་ཚུད་ཡོད་པ་རེད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་《སྲིད་གཞུང་གི་བྱ་བའི་སྙན་ཞུ》ཡི་ནང་གཏན་འབེབས་བྱས་པའི་ལས་འགན་གཙོ་བོ་དང་དཔལ་འབྱོར་གཏན་འཇགས་སྐོར་གྱི་སྲིད་ཇུས་བྱེད་ཐབས་དང་རྒྱུན་འཁྱོངས་བྱེད་ཐབས་ལག་ལེན་དུ་སྨིན་པར་སྔར་ལས་སྐུལ་འདེད་གཏང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཐེངས་དགུ་བ་སྤེལ་ནས་ཞིང་ཆེན19(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་སུ་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། འབྲེལ་ཡོད་ས་གནས་ཀྱིས་རང་སྟེང་གི་གནས་ཚུལ་དངོས་ལ་སྦྱར་ནས་འཚོལ་ཞིབ་དང་མ་སྐུལ་རང་རྟོགས་ཀྱིས་ཐབས་ཤེས་སྤྱད་དེ་ཉམས་མྱོང་བཟང་བོ་དང་བྱེད་ཐབས་གསར་པ་སྐོར་ཞིག་བླངས་ཡོད་པ་རེད།

དེ་ཡང་དང་པོ་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཕྱོགས་ནས། ཉེ་བའི་ལོ་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་བསམ་བློ་སློབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། “ཆེ་ཤོས་གསུམ”གྱི་གོ་བབ་དང་“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གཞི་བཙུགས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་ཉར་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་འགན་འཁྲི་ཆེན་པོ་ཁུར་དུ་བླངས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་བསྐྲུན་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་སྐྱེ་ཁམས་སྔོན་སྤེལ་དང་འཚེ་མེད་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་འདུ་ཤེས་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྲུབ་ཅིང་། “ཀྲུང་ཧྭ་ཆུ་མཛོད”ལེགས་པར་བསྐྱངས་པ་དང་། འཚེ་མེད་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་ལྡན་དུ་གྱུར་ལ། “མཛེས་པའི་མཚོ་སྔོན”ཡང་སྔར་ལས་གཙང་ཞིབ་མཛེས་པར་གྱུར་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གཞི་རྩའི་ཐོག་གྲུབ་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་མཚོ་སྔོན་གྱི་ཇུས་གཞིས་རམ་འདེགས་ཐོབ།

ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པའི་ཐད་ནས། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་སྟེང་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་དུས“ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་དགོས”ཞེས་བླང་བྱ་གལ་ཆེན་བཏོན་ཏེ། མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་ལ་འཆར་ཇུས་ཆེན་པོ་བཟོས་ཤིང་རྩ་བའི་སྲུང་བྱ་བཏོན། རང་ཞིང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྟོན་ལྟར་མདུན་དུ་བསྐྱོད་དེ། ཆུ་ཡིས་ཕྱུག་ཅིང་། འོད་ཀྱིས་བཀྲ་བ། རླུང་གིས་བརྒྱན་པ། ས་རྒྱ་ཆེ་བའི་ནུས་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཅིང་། གློག་ཤུགས་མ་ལག་གསར་གྲས་འཛུགས་སྐྲུན་དམིགས་སུ་བཟུང་ནས“ནུས་ཁུངས་སྦྲེལ་གསོག”ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་བསྐྲུན་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག་གི་དམིགས་འབེན་མངོན་འགྱུར་ལ་སྒུལ་ཤུགས་ཆེན་པོ་བསྩལ།

ཟི་ལིང་གྲོང་ཁྱེར་གྱི“འཁོར་ཟུང་སྒུལ་ཤུགས”ཀྱིས་དཔལ་འབྱོར་གྱི་ལྡེའུ་གཞོང་ཆེན་པོ་གཏན་འཇགས་ལ་རམ་འདེགས་བྱས་པའི་ཐད་ནས། ཉེ་བའི་ལོ་རིང་ལ། རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱིའི་ཁོར་ཡུག་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་འགན་འཁྲི་ཧ་ཅང་ལྕི་བའི་གནས་ཚུལ་ལ་གདོང་ཕྱོགས་ཏེ། ཟི་ལིང་གྲོང་ཁྱེར་གྱིས“རིམས་ནད་འགོག་ཐུབ་དགོས། དཔལ་འབྱོར་བརྟན་ཐུབ་དགོས། འཕེལ་རྒྱས་བདེ་འཇགས་ཡིན་དགོས ”ཞེས་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ཤིང་། གཏན་འཇགས་ཁྲོད་ནས་ཡར་རྒྱས་ལ་བརྩོན་པའི་བྱ་བ་སྤྱིའི་འགྲོ་ལུགས་རྒྱུན་འཁྱོངས་བྱས་པ་དང་། རིམས་ནད་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་གཅིག་གྱུར་འཆར་འགོད་བཟོས་ཏེ། ཐབས་རྒྱ་ཇུས་སྟོང་གིས་ཐོན་སྐྱེད་གཏན་འཇགས་ཡོང་བ་དང་། འཁོར་སྐྱོད་གེགས་ཆད་མེད་པ། ལས་གཞིར་དམ་འཛིན་བྱེད་པ། མ་དངུལ་གཏོང་འཇོག་ལ་སྐུལ་འདེད། ཞབས་ཞུ་ལེགས་ལ་འགན་སྲུང་བཅས་བྱས་པས། ཟི་ལིང་གི་བཟོ་ལས་འཕར་ཚད་ཇེ་མགྱོགས་སུ་ཕྱིན་ནས་རྒྱལ་ཡོངས་ཞིང་ཆེན་ཁག་གི་ལྟེ་གནས་གྲོང་ཁྱེར་གྱི་སྔུན་ལ་བུད་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།