ཝང་ཏ་ནན་གྱིས་གཞོང་ཐང་རྫོང་དུ་རིམས་ནད་འགོག་ཟོན་བྱ་བར་ལྟ་སྐུལ་སློབ་སྟོན་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན་ནས29ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དྲིལ་སྒྲོག་པུའི་པུའུ་ཀྲང་ཝང་ཏ་ནན་གྱིས་ལས་དོན་ཚན་ཆུང་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་རིམས་ནད་འགོག་ཟོན་བྱ་བར་ལྟ་སྐུལ་སློབ་སྟོན་བྱས་ཏེ། རིམས་ནད་ཐག་གཅོད་བྱ་བ་ནུས་ལྡན་ངང་སྤེལ་བར་སྐུལ་འདེད་བཏང་ཞིང་ཕན་འབྲས་མངོན་གསལ་ཐོན་ཡོད།

ལས་དོན་ཚན་ཆུང་གཞོང་ཐང་རྫོང་དུ་འབྱོར་རྗེས་གྲོང་ཁྱེར་དང་རྫོང་བཀོད་འདོམས་པུའུ་ལ་མགྱོགས་མྱུར་མཉམ་འབྲེལ་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་གཞི་གཅིག་གི་བཀོད་འདོམས་མ་ལག་ཆགས་སུ་བཅུག་པ་དང་། རིམས་ནད་འགོག་ཟོན་གྱི་གནས་སྟངས་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བརྡར་གཅོད་དང་། རིམས་ནད་འགོག་ཟོན་བྱ་བ་བཀོད་སྒྲིག་ལེགས་སྒྲིག་བྱས་ནས། རྒྱུན་འཁོར་ལྟེ་གནས་དང་། ཉིང་སྐྱུར་བརྟག་དཔྱད་བཀོད་འདོམས་ལྟེ་གནས། བརྒྱུད་འདྲེན་ལྟེ་གནས་དང་། ཀོན་ཐིང་གྲོང་རྡལ་གྱི་འཐབ་ཕྱོགས་དང་པོའི་འགོག་ཟོན་བཀོད་འདོམས་ཆེད་གཏོང་འཛིན་གྲྭ་བཅས་བཙུགས་ནས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། འཁོར་སྐྱོད་ལམ་སྲོལ་ཇེ་ལེགས་སུ་གཏོང་བ། གནད་འཁེལ་ནུས་ཆེའི་བཀོད་གཏོང་བཅས་བྱས་ཏེ་འགོ་ཁྲིད་གནས་ལ་འཁེལ་བ་དང་། འགན་འཁྲི་དང་བྱ་བ་གནད་ལ་འཁེལ་བར་བྱས་པ་རེད།

ལྟ་སྐུལ་སློབ་སྟོན་བྱེད་སྐབས། ཝང་ཏ་ནན་གྱིས་སྔ་ཕྱིར་དུ་གཞོང་ཐང་རྫོང་ཀོན་ཐིང་གྲོང་རྡལ་དང་། ཞིན་ཨར་ཡུལ་ཚོ། ཁྲོན་ཁུག་གྲོང་རྡལ། མ་ཁྲང་ཡོན་ཡུལ་ཚོ་སོགས་སུ་སོང་ནས་ཉེན་ཁ་ཆེ་བའི་ས་ཁུལ་དང་། གཅིག་སྡུད་ལོགས་བཀར་བྱེད་ས། གཞུང་ལམ་ཞིབ་བཤེར་ས་ཚིགས་དོ་དམ་སོགས་ཀྱི་བྱ་བར་ཞིབ་བཤེར་བྱས་པ་དང་། ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་རཀྴི་མདོ་ཡུལ་ཚོ་སོགས་ཡུལ་ཚོ་དང་གྲོང་རྡལ་དུ་སོང་ནས་རིམས་ནད་འགོག་ཟོན་བྱེད་ཐབས་དངོས་འབེབས་བྱས་ཚུལ་ལ་རྟོག་ཞིབ་བྱས་ཏེ། དུས་ཐོག་ཏུ་གནད་དོན་རྩད་ཆོད་རྗེས་དག་ཐེར་བཅོས་སྒྱུར་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འཐབ་ཕྱོགས་དང་པོའི་ལས་དོན་པར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། རིམས་ནད་གནས་ཚུལ་ཚན་རིག་དང་མཐུན་པར་མྱུར་དུ་ཐག་གཅོད་དགོས་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མཉམ་འབྲེལ་བྱེད་པ་དང་། ཞིང་ཆེན་རིམ་པས་ལྟ་སྐུལ་སློབ་སྟོན་དང་། གྲོང་ཁྱེར་རིམ་པས་དོ་དམ་དང་གཅིག་གྱུར་འཆར་འགོད་བྱེད་པ། རྫོང་རིམ་པས་འགན་འཁྲི་གཙོ་བོ་དངོས་འབེབས་དང་གཞི་རིམ་དུ་དངོས་འབེབས་བྱ་བ་ལྷོད་མེད་རྒྱུན་འཁྱོངས་བྱེད་པར་མ་ཟད། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། མང་ཚོགས་ལ་སྐུལ་སློང་དང་ཞབས་འདེགས་གཉིས་ཟུང་འབྲེལ་བྱས་ཏེ། ཏང་ཨུའི་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱིས་མཉམ་དུ་རིམས་ནད་འགོག་ཟོན་གྱི་རྣམ་པ་བཟང་པོ་གཏོད་ནས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།