ཞིང་ཆེན་ཏང་ཨུའི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས29ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་དང་ཁ་གཏད་འབྲེལ་གཏུག་ཚན་པས། ཞིང་ཆེན་ཏང་ཨུའི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་ཟུར་པ་ཡུས་ཚུང་ལི་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་ཟུར་པ་ཉི་མ་སྒྲོལ་མས་ཚོགས་འདུར་་གཙོ་སྐྱོང་བྱས།

ཡུས་ཚུང་ལིས་བསྟན་དོན། དམངས་འཐུས་ཚོགས་ཆེན་གྱི་ལྟ་ཞིབ་ཁྲིམས་འཛིན་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ཀྱི་ཆབ་སྲིད་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་ངང་སྤྱོད་རྒྱུ་འགན་སྲུང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཡང་དག་དང་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་འགན་སྲུང་བྱས་ནས། ཁྲིམས་སྐྱོང་མཚོ་སྔོན་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་པས། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་བཅོས་སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན།

ཡུས་ཚུང་ལིས་བསྟན་དོན། དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། ལྟེ་བའི་ལས་འགན་ལ་དམ་འཛིན། མི་དམངས་ཀྱི་དོ་ཁུར་ལ་ལན་འདེབས་པ། ཁྲིམས་ལྟར་ལྟ་སྐུལ་ཡང་དག་དང་ཕན་འབྲས་ཐོན་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད། སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པས་ཚད་ལྡན་ཡོང་བར་སྐུལ་འདེད་བྱེད་པ། རོགས་ལས་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་འགན་འཁྲི་གསར་པ་དང་གསར་གཏོད་ཀྱི་སྒོ་ནས་དུས་རབས་གསར་པའི་ལྟ་ཞིབ་ཁྲིམས་འཛིན་བྱ་བའི་ལེའུ་གསར་པ་རྩོམ་དགོས་པ་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།