གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་གལ་ཆེན།

སྤྱི་ཟླ་9ཚེས་28ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དུ་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་གལ་ཆེན་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཧུའུ་པེའི་ཧྲི་ཡན་ཞོལ་ཐང་ལེའང་ཙི་གནའ་ཤུལ་ནས་གསར་དུ་རྙེད་པའི་ཡུན་རྫོང་མགོ་རུས་ཨང་3པའི་འགྱུར་རྡོ་རྙེད་ཚུལ་དང་སྔོག་འདོན་བྱས་ཚུལ་བརྡ་ཁྱབ་བཏང་།

ཞོལ་ཐང་ལེའང་ཙི་རྗེས་ཤུལ་དེ་ཧྲི་ཡན་གྲོང་ཁྱེར་ཡུན་དབྱང་ཁུལ་དུ་ཡོད་ཅིང་། དེ་ནི་རྡོ་ཆས་རྙིང་མའི་དུས་འགོའི་རི་ཐང་གི་གནའ་ཤུལ་ཆེ་གྲས་ཤིག་རེད། སྤྱི་ལོ་1989ལོ་དང་སྤྱི་ལོ་1990ལོར་ཞོལ་ཐང་ལེའང་ཙི་གནའ་ཤུལ་ནས་སྔ་གཞུག་ཏུ་གནའ་བོའི་མིའི་རིགས་ཀྱི་མགོ་རུས་འགྱུར་རྡོ་2རྙེད་པ་དེ་ད་ལྟའི་བར་དུ་ལོ་ཁྲི་80ནས་ཁྲི་110ཡས་མས་ཡོད་པ་དང་། ཀེར་ལངས་མིའི་ཁོངས་སུ་གཏོགས་ཤིང་རིག་གཞུང་ལས་རིགས་ཁག་གིས་“ཡུན་རྫོང་མི་”ཞེས་མིང་བཏགས་ཡོད།

མགོ་རུས་འགྱུར་རྡོ་ཐོག་མར་ཐོན་པའི་གནས་ཚུལ། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཁོ་འདོན་བྱས་པའི་འདྲ་པར།

ངོ་སྤྲོད་བྱས་པ་ལྟར་ན། ཡུན་རྫོང་མིའི་མགོ་རུས་ཨང་3པའི་འགྱུར་རྡོ་ནི་སྤྱི་ལོ་2022ལོའི་ཟླ་5ཚེས་18ཉིན་གྱི་སྔ་དྲོ་རྙེད་པ་དང་། ཡུལ་དངོས་ནས་ལྟ་ཞིབ་བྱས་པ་ལྟར་ན། མགོ་རུས་ཆ་ཚང་ཞིང་མཁུར་གཞུའང་ཅུང་ཆ་ཚང་བས་བཟོ་ལྟ་འགྱུར་ཚུལ་མངོན་གསལ་དོད་པ་མེད། ངོས་སུ་རྩི་སྐྱི་ཅུང་ཟད་ཆགས་ཡོད་པ་དང་། མགོ་དབྱིབས་སྒོར་ཞིང་། སྨིན་མའི་གཞུ་དབྱིབས་མངོན་གསལ་གྱིས་འབུར་ཡོད་པས་གནའ་མིའི་བཟོ་ལྟ་དང་མཐུན། མིག་སྔར་མགོ་རུས་འགྱུར་རྡོའི་མགོ་འབུར་དང་སྨིན་གཞུ་ཅུང་ཙམ་ལས་ཕྱིར་ཐོན་མེད། གཤམ་ངོས་རྣམས་སྔར་བཞིན་ས་རིམ་དུ་གནས་ཡོད་པ་དང་གཡས་ཕྱོགས་ཀྱི་ཆ་ཤས་ཤིག་ལྷོ་ངོས་ཀྱི་གྱང་ནང་ཟུག་ཡོད། སྔོན་མའི་འགྱུར་རྡོ་2དང་གནས་སའི་ས་འོག་གི་ཁོར་ཡུག་དང་སྲོག་ཆགས་ཀྱི་ཁྱུ་ཚོགས། རྡོ་ཆས་ལག་རྩལ་གྱི་ཁྱད་ཆོས་བཅས་འདྲ་བས་ཐོག་མའི་བརྡར་གཅོད་ལྟར་ན་དེ་དག་དུས་རབས་གཅིག་གི་ཁོངས་སུ་གཏོགས་ཤིང་། ཞིབ་ཕྲའི་གནས་ཚུལ་དེ་ཚན་རྩལ་ལ་བརྟེན་ནས་ལོ་ཚད་གཏན་འཁེལ་བྱ་དགོས།

ཡུན་རྫོང་མིའི་མགོ་རུས་ཨང་3པ་སྔོག་འདོན་བྱ་སའི་ཡུལ་དངོས། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཁོ་འདོན་བྱས་པའི་འདྲ་པར།

གསར་དུ་ཤེས་རྟོགས་བྱུང་བའི་ཡུན་རྫོང་མིའི་མགོ་རུས་འགྱུར་རྡོ་དེ་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ཐོག་ཏུ་ཡོད་པའི་གནའ་བོའི་མིའི་རིགས་ལོ་ཁྲི་200ལ་ཉེ་བའི་འཕེལ་འགྱུར་བརྒྱུད་རིམ་གྱི་བར་མ་དང་འགག་རྩའི་དུས་རིམ་དུ་གནས་ཡོད་ལ།དེ་ནི་ད་ལྟའི་བར་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་སའི་དབུས་ཁུལ་ནས་ཤེས་རྟོགས་བྱུང་བའི་ཆེས་ཆ་ཚང་བའི་དུས་རབས་གཅིག་གི་ནང་གི་ཀེར་ལངས་མིའི་མགོ་རུས་འགྱུར་རྡོ་ཞིག་ཡིན་པ་དང་། ཀེར་ལངས་མིའི་འཕེལ་འགྱུར་དང་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་འབྱུང་ཁུངས་དང་འཕེལ་རྒྱས་ལ་གྲོས་བསྡུར་བྱེད་པའི་བདེན་དཔང་གལ་ཆེན་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་ལོ་ངོ་ཁྲི་བརྒྱ་ལྷག་གི་རིང་གི་མིའི་རིགས་ཀྱི་ལོ་རྒྱུས་བདེན་དཔང་བྱས་ཡོད།