ངོ་མཚར་རྨད་བྱུང་བཀོད་པའི་རྒྱན།

བྲན། རྨ་ལྷོ།

མཉེན་ལྕུག་པདྨ་གཡོ་བའི་རྩེར།།

བསིལ་ཟེར་བྱེད་པོ་ཟགས་པ་ལས།།

འཛུམ་དཀར་བཅུ་དྲུག་ཟླ་བའི་དཔལ།།

སྙེམས་པ་གང་དེ་དབྱངས་ཅན་མཆོད།།

ནང་གི་ཀུན་རྟོག་རླུང་བུ་ཡིས།།

འཛིན་མེད་སེམས་ཀྱི་བུས་པ་གང་།།

བཅིངས་དང་མ་བཅིངས་ཕྲ་རྒྱས་ཀྱི།།

དུག་གསུམ་འཕྱུར་བ་གང་དེ་ཡིས།།

མི་ཤུགས་སེམས་ཀྱི་སྐུད་པའི་སྐྱ།།

དམ་པོར་བརྒྱུས་པའི་ལས་མཁན་གྱིས།།

བསླུ་བྲིད་རོ་ཡིས་ལྗགས་ཀྱི་སྣེ།།

སྐྱོམ་པའི་ཁ་ལ་བདུད་རྩི་བགོས།།

བྱིན་རླབས་མེ་དྲོད་འཕྱུར་བའི་རླབས།།

ཡིད་ཀྱི་སྦུབས་ལས་མ་འཁྲུངས་ཞེས།།

སྨྲ་བར་མི་སྤོབས་སེམས་ཀྱི་ཁམས།།

ཞི་བ་ཆེན་པོའི་མཐའ་ལས་འདས།།

སྣ་ཚོགས་སྣང་བའི་ཕ་རོལ་ནས།།

སྒྱུ་མའི་འཕྲུལ་གྱི་ཁ་ལོ་བས།།

བརྡ་ཡིག་བཏང་བའི་མཚན་མའི་རྒྱ།།

གསང་བའི་ནང་གི་གསང་བའི་ལགས།།

འཆར་སྣང་བརྟན་གཡོ་སྲིད་པའི་གར།།

འདོད་ཡོན་གློག་གི་རླབས་ངོགས་ནས།།

ཐེངས་གཅིག་མཐོང་བའི་རྣམ་འགྱུར་ལ།།

འཛིན་པའི་རྩེད་དགའ་ལྷོད་མ་ཡིན།།

ངག་རིག་སྦྲང་ཆང་མངར་མོ་ཡིས།།

ལུས་སེམས་བཟི་བའི་ཐ་སྙད་པའི།།

ནོར་གྱི་བློ་གྲོས་སྒེག་མོ་ལ།།

ཉུང་ཐོས་རྣ་རྒྱད་སྤྲད་པ་མཛེས།།

རང་གི་མགྲིན་པའི་རྐང་སྟེགས་སུ།།

ཟློས་གར་འཁྲབ་པའི་ཡི་གེའི་ཚོགས།།

གཟུགས་སུ་ཕབ་ལ་སོར་མོའི་རྩལ།།

འཁྱུག་པའི་རྣམ་རིག་རྒོད་སོ་ལོ།།

གྲྭ་ཁང་སྙེ་མ་དགུ་ཁྲིའི་མཚོན།།

གླེགས་བམ་ཐང་མར་བརྡལ་བའི་དབུས།།

སྲེད་པ་ངག་རིག་བསྲེག་ཟའི་རོ།།

ཡང་ཡང་མཆེད་པའི་ཧྲག་བར་ནས།།

བ་གམ་བརྩེགས་འདྲའི་ཁང་བཟང་ལས།།

བློ་གྲོས་པིར་སྙུག་འཁྱུག་པའི་ཟོལ།།

མང་ཙམ་བསྟེན་ལས་འདུ་བྱེད་གང་།།

གཡོ་བའི་ཐབས་ལ་སྣུན་པར་དུངས།།

ཞོགས་པར་རྡུལ་སྨུག་འཐིབས་པའི་གྲོང་།།

པར་ལ་བཏབ་རྗེས་སྣོད་བཅུད་ཀྱི།།

ལེགས་ཉེེས་འབྱེད་པའི་རྣམ་རྟོག་མཐའ།།

ཡུལ་ལས་བརྒལ་ཡང་མཚར་དུ་འཛིན།།

གོས་དང་རྩྭ་ཡི་གདན་གྱི་སྟེང་།།

འབྱེད་འཛུམ་ཙམ་ཡང་མི་བྱེད་པར།།

མི་རྟག་རྣམ་བཞིའི་སྒོམ་བྱང་ལ།།

རི་མོ་འབྲི་དེས་སྣང་ལུགས་ཅི།།

ཤུགས་ཀྱིས་འཇལ་བའི་བློ་ངོས་སུ།།

ཆ་ག་བ་ཡང་འཕུར་བ་འདྲ།།

དེ་མིན་རང་གི་བྱེད་ལུགས་ཀྱིས།།

མཚོན་དུ་མེད་པ་གང་ཞིག་གདའ།།

རི་དང་གངས་ཅན་འཛིན་མའི་གཞི།།

རུས་པ་གོས་དཀར་གསོལ་བ་དེས།།

བྱིན་རླབས་བདུད་རྩི་གངས་ཤོམ་མས།།

སྡིག་སྒྲིབ་འདག་གམ་ཕལ་བར་སེམས།།

རྨོངས་པའི་རྒྱ་རུ་ཚུད་པ་ཡི།།

བྲན་ཞེས་བྱ་བའི་མི་དེ་གའི།།

རྣམ་རྟོག་རྡུལ་འཚུབ་ཆ་ཙམ་ཞིག།

ཤོག་དཀར་ངོས་ལ་བཅལ་དུ་བཀྲམ།།

2020.2.21