དྲན་རྟོག་འཕྱོ་བའི་རླབས་མགུར།

བྲན། རྨ་ལྷོ།

སྐྱེ་མེད་ཆོས་སྐུའི་ཕོ་བྲང་གཞི་ཀློང་ན་བཞུགས་པའི།།

ཡེ་གྲོལ་གཉུག་མའི་གཤིས་ཀྱི་ལང་ཚོ་ཀུན་དར་ཞིང་།།

ཆོས་ཉིད་རིག་པའི་ཐིག་ལེ་རྣམ་ཀུན་ཏུ་མཁྱེན་པ།།

མཐོང་བ་ཀུན་གྲོལ་བླ་མའི་ཞབས་པད་ལ་འདུད་དོ།།

འགག་མེད་བརྩེ་བའི་མདངས་ལ་འོད་གསལ་གྱི་ཚོམ་བུ།།

སྣང་བ་བསྐྱེད་རྫོགས་དགོངས་པ་དབྱེར་མེད་ཀྱི་ཚལ་ནས།།

རིག་པའི་གདངས་ལ་ལྷུན་གྲུབ་ཉི་ཟླ་ཡི་གཟི་བྱིན།།

རྟག་ཏུ་འཕྲོས་མཛད་མཁྱེན་པའི་མངའ་བདག་དེར་འདུད་དོ།།

ཐུགས་རྗེ་སྤྲུལ་བའི་རྣམ་རོལ་སྒྱུ་འཕྲུལ་གྱི་སྲས་པོ།།

མ་དག་འགྲོ་བའི་ལམ་སྟོན་གངས་ཅན་གྱི་རྒྱན་གཅིག།

གདུལ་བྱའི་བློ་གྲོས་རྒྱས་པའི་པད་དཀར་གྱི་ཚལ་ལ།།

སྣང་བའི་སྐྱ་རེངས་འདྲེན་པའི་ཉི་མ་ཁྱོད་མཁྱེན་ནོ།།

གང་འདུལ་སྒྱུ་མའི་འཕྲུལ་གྱིས་ཐར་ལམ་གྱི་བགྲོད་པ།།

གཞི་སྙིང་ཡེ་གསུམ་གྲོལ་བའི་དགའ་ཚལ་ལ་དྲངས་ཏེ།།

འབྲེལ་ཐོགས་སེམས་ཅན་ཐེག་གསུམ་བདུད་རྩི་ཡི་ཟས་ཀྱིས།།

སྐྱོང་བའི་མགོན་པོ་སྐུ་གསུམ་དབྱེར་མེད་དེ་མཁྱེན་ནོ།།

མི་རྟག་སྡུག་བསྔལ་ལ་ཁའི་ན་བུན་ལྟར་འཁྲིགས་ཤིང་།།

ཕྱི་ནང་སེམས་ཀྱི་སྐྱོ་ཤས་རླུང་བུ་ལྟར་ལྡང་དུས།།

སྡུག་གི་སྣོན་མར་ཟད་མཐའ་མེད་པ་ཡི་ངང་ཚུལ།།

རྟོགས་པའི་རི་མོ་ནང་སེམས་རྩིག་ལྡེབས་ལ་བྲིས་ཡོད།།

སྣ་ཚོགས་མེ་ཏོག་བཞད་ལ་དུང་སེམས་ཀྱི་སྦྲང་ཆུང་།།

རྒྱང་ནས་འཁོར་ཞིང་རོ་མངར་བདུད་རྩི་ལ་ཆགས་ཀྱང་།།

ལྷགས་རླུང་སད་སེར་བཙན་པོའི་རེག་བྱ་ཡིས་བྲན་ཚེ།།

མི་སྡུག་ཡི་དྭགས་འཁྲེང་བའི་ཟློས་གར་ཞིག་བསྟན་སོང་།།

ཡིད་འོང་གཞོན་པའི་མཛའ་མཐུན་སྙིང་སྡུག་གི་ན་ཆུང་།།

རྣམ་དཔྱོད་སྐྱེ་འབྲས་མཚར་བའི་ཡིད་སྨོན་རང་ཤོར་ཡང་།།

གློ་བུར་འཆི་བདག་གཤེད་མའི་འཆིང་ཞགས་ཀྱི་ལྕགས་ཀྱུས།།

ཟིན་པའི་དུས་ཚིགས་དྲན་ན་སྐྱོ་གདུང་གིས་མནན་ཡོང་།།

མཉེན་ལྕུག་ཡལ་འདབ་གཡོ་བའི་ལྗོན་པ་ཡི་གསེབ་ནས།།

དབྱངས་སྙན་ཁུ་བྱུག་བུ་མོའི་གྲེ་འགྱུར་གྱི་གླུ་སྒྲ།།

ཚངས་པའི་གདངས་ལ་འགྲན་པའི་སྟངས་ཀ་ཞིག་བྱས་ཀྱང་།།

སྟོན་ཟླའི་བང་ཆེན་ཐོན་པས་ལྷོ་མོན་ལ་ཆས་སོང་།།

ཁ་སང་ཆོས་སྲིད་འགལ་བའི་ལམ་མདོ་ནས་འཕྲད་དེ།།

ཁ་མིན་དོན་གྱིས་བསྙད་པའི་སྙིང་གཏམ་ཞིག་གླེང་ཡང་།།

ཁ་ཁ་སོ་སོར་གྱེས་པའི་འཆི་བདག་གི་བརྡ་ཡིག།

ཁ་ལག་བར་ནས་ཐོན་པ་སུ་ཞིག་གིས་མཁྱེན་ཡོང་།།

འདི་ལྟར་ནང་སེམས་གཙང་བོའི་གཡོ་སྐྱོམ་གྱི་ངོགས་ནས།།

དྲན་པའི་མཛུབ་མོ་རང་གི་ངོ་གདོང་ལ་བཙུགས་ན།།

འདུས་ཚད་བྲལ་བའི་ཆོས་ལ་ཡིད་ཆེས་ཤིག་ཐོབ་ཀྱང་།།

བག་ཡོད་གྲོགས་ཀྱི་འདུན་མ་རླུང་བུ་ལྟར་ཡལ་སོང་།།

རིང་ནས་འདྲིས་ཤིང་མཐུན་པའི་ཆོས་གྲོགས་ཀྱི་དྭངས་མ།།

འདུ་འཛིའི་ཀློང་ལ་མ་ཤོར་ཆོས་མཐུན་གྱིས་འཚོ་ཡང་།།

རྣམ་དཀར་ལས་ལ་སྡང་བའི་ལུས་མེད་ཀྱི་ཚོགས་ཀྱིས།།

བར་ཆད་དུག་གི་ཁ་རླངས་ཕོག་པ་འདི་སྐྱོ་ཨང་།།

ཉི་མའི་འཛུམ་དཀར་འཁྱུག་པའི་ཨ་སྔོན་གྱི་དབྱིངས་སུ།།

དུངས་སེམས་སྤྲིན་པའི་རྦ་རླབས་ཆལ་ཆིལ་དུ་འཕྱུར་ཡང་།།

བྱང་གི་སྐྱི་སེར་རླུང་བུ་ཤིག་ཤིག་ཏུ་ལྡང་བས།།

ཚོར་རྟོག་སྤྲིན་པའི་གུར་ཁང་དེ་ག་ནས་གཏོར་བྱུང་།།

འདུ་འཛོམས་ཐེངས་གཅིག་བྱུང་ན་དགའ་བ་ནི་སྒོམ་ཞོར།།

སྐྱིད་པའི་ག་ཞ་གཏོང་བའི་བགོ་སྐལ་ཞིག་ལོངས་དང་།།

ཕན་ཚུན་སེམས་ལ་གནོད་པའི་དགོངས་ཡངས་ནི་མཛོད་དང་།།

ནམ་ཞིག་གནོང་འགྱོད་མེད་པའི་དུས་སྐབས་ཤིག་ཐོན་ཡོང་།།

༢༠༢༠.༣.༣༠