འདོད་གསོལ།

བྲན། རྨ་ལྷོ།

གངས་རིའི་སོ་ཕྲེང་རྒོད་པའི་མེ་ཏོག་གི།

རྣམ་པར་དགེ་བའི་གཏམ་གྱི་རྣ་ཆ་གང་།།

ཡིད་ཀྱི་འཁྲི་ཤིང་རྒྱས་པའི་འཇིག་རྟེན་ན།།

རིན་ཆེན་འདོད་པ་འཇོ་བའི་དཔྱིད་དུ་གྲུབ།།

ཆོས་ཀྱི་དབང་ཕྱུག་དམ་པའི་ལམ་སྲོལ་ལས།།

ལེགས་པར་ཐོན་པའི་རིག་པ་སར་བའི་བཅུད།།

རྣམ་དཔྱོད་ཚངས་པ་མྱོས་པའི་སྒྱུ་འཕྲུལ་གྱིས།།

ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་བྱེད་པོ་སུ།།

ཤེལ་དཀར་ལྕུག་ཕྲན་གཡོ་བའི་འདུ་བྱེད་རྩེར།།

ཚོགས་དྲུག་སྣང་བའི་བྱེའུ་ཆུང་འཇོལ་མོ་བབས།།

སྐྱིད་སྡུག་རླུང་གི་ཟོས་པའི་ཁྲག་ཁྲིག་ཞིང་།།

ཐུགས་བསྐྱེད་བརྩེ་བའི་འོད་ཀྱིས་སྒེག་དེ་ཅི།།

གནམ་གྱི་དབང་ཕྱུག་རྩེན་པའི་འཕྲུལ་སྣང་གིས།།

བྱམས་དུངས་ཟླ་འོད་འཛུམ་པའི་སྐྱེད་ཚལ་མར།།

འབུམ་དགུའི་ཤེས་རིག་གྲོལ་བའི་གཏེར་ཁ་གང་།།

གནང་བའི་མཛའ་བཅུགས་དྲང་སྲོང་མཁན་དེ་གང་།།

ཁྱོད་ཀྱི་དགྱེས་ཞལ་བཅུ་དྲུག་ཆ།།

ཡང་དག་འཕེལ་ལ་ན་ཀྲའི་གྲོང་།།

ཟག་པ་མེད་པའི་ཨ་ཤོ་ཀར།།

གྲུབ་ལ་སུ་ཞིག་འཕྱང་མོ་ཉུག།

བློ་གྲོས་སྟེང་འཐུང་ཡངས་པའི་མཐའ།།

འཇལ་ལ་ཐུབ་པའི་ཡིད་སྡུག་ན།།

གཞན་དག་འཛིན་མའི་རྡུལ་སྙེད་ལྟར།།

བོར་བའི་མཛའ་བ་སྙིང་ལ་སྡུག།

2020.4.10