བླ་འཚོལ་བའི་དོ་ཧ།

བྲན། རྨ་ལྷོ།

རང་བྱུང་བྲག་གི་སྐྱེད་མོའི་མཚར་སྡུག་ལས།།

རྣམ་པ་མི་མངོན་ཞི་བའི་དབྱིངས་སུ་གཟིམས།།

ལག་པའི་ཐལ་མོ་སྙིང་ཁར་སྦྱར་བ་འདིས།།

ཆོས་ཉིད་འགྱུར་བ་མེད་པའི་ཁམས་སུ་བསྙལ།།

ལན་གཅིག་འཛུམ་པའི་མིག་གི་ཟླ་འོད་ཀྱིས།།

ཀུ་མུད་གཞོན་བློ་དགྱེས་པའི་ཞལ་ཁ་འབྱེད།།

ཨེ་མ་རྟག་བརྟན་དབྱིངས་སུ་འཁོས་ཆེ་བའི།།

རྟོག་བཏགས་སྒྲོམ་གཞིའི་ནང་གི་སྐར་མ་འདི།།

ཡིད་ཀྱི་ཨ་ལོང་སིལ་བུར་གཏོར་བ་ལས།།

སྒོ་གླེགས་ཕྱེས་པའི་འཇིག་རྟེན་ལྟད་མོ་གང་།།

མཐོང་ལས་ཉེས་ལྟུང་སྒྲིབ་པའི་ཁྲིམས་མུན་དུ།།

བརྫངས་པའི་ཁྱོད་ཀྱི་ཕུགས་བསམ་ག་རེ་འདུག།

གནའ་དེང་ཟུང་གི་ཚན་རྩལ་གཞོན་ནུའི་ཡིད།།

མཛའ་གཅུགས་སྙིང་གི་དམ་བུར་མཆེད་པ་དེས།།

ཐུན་གཅིག་འཚོ་བའི་ངོས་ཀྱི་བསྡུས་གཟུགས་དག།

བསུབ་པར་བགྱི་བའི་སྟངས་ཀ་རྒོད་དམ་ཀྱེ།།

ལས་གཤིན་དྲག་ཏུ་ཁྲོས་པའི་བཀའ་ལུང་གི།

ཚ་བའི་ཉི་འོད་གདོང་ལ་འཕྲོས་ཙམ་གྱིས།།

རྔུལ་ཆུ་ཤམ་ཤམ་གཡོ་བའི་འགྱུར་བག་གང་།།

བསམ་ན་སེམས་ཀྱི་གཏིང་ནས་དྲན་པ་གདུ།།

ལས་དང་ལས་ཀྱི་གསང་བའི་མཚོ་ཁ་ནས།།

ངང་ཆུང་རྒྱང་ལ་འཕུར་བའི་ངང་ཚུལ་དེར།།

སྟོན་ལ་ཕྱིར་ཡོང་བགྱི་བའི་སྨོན་ལམ་གྱིས།།

རེ་བས་སྒུག་ན་གཤོག་འགྱུར་ཕྱིར་ལ་རྒྱོབས།།

༢༠༢༠.༤.༢༩