ཤིན་ཏུ་སྐྱིད་པའི་ཉམས།

བྲན། རྨ་ལྷོ།

ཤིན་ཏུ་དག་པའི་ས་ཆེན་གྱི།།

རང་གི་གདོང་ལ་སྣུན་པ་ཡི།།

བརྩེ་བའི་འོད་ཀྱི་ཞགས་པ་དེ།།

དངོས་ཀུན་སྣང་བའི་གཞི་རུ་འོ།།

དབང་འབྱོར་མུན་པའི་དྲ་བ་ན།།

དག་བྱེད་ཆུ་ཡི་རང་བཞིན་གྱི།།

གདོང་ལ་རྒྱུ་བའི་དགྲ་སྡེ་དཔུང་།།

བཅོམ་པའི་གཡུལ་ནི་སུ་ཡིས་བྱས།།

ཕྱག་ཞབས་གླང་བོའི་སྣ་ཞགས་ཀྱིས།།

སྨིག་རྒྱུ་འཐིབས་འདྲའི་དོགས་པ་ལ།།

ལམ་སྔགས་ཆུ་བོའི་བདུད་རྩིའི་རྒྱུན།།

ཕབ་འདིས་སྐྱོ་བའི་ཉམས་དག་འཇོམ།།

རྣམ་དཀར་སྤྲིན་གྱི་གདེངས་ཀ་ནས།།

བྱམས་དང་བརྩེ་བའི་དངོས་གྲུབ་ལ།།

མིག་དང་རྣ་བ་བརླན་བྱས་ཚེ།།

འོང་ཀྱི་དཔུང་བ་མཐོང་ངམ་ཀྱེ།།

དག་དང་མ་དག་ཞིང་གི་ཁམས།།

བློ་དང་ཡིད་ལས་འདས་མིན་ནི།།

གཅིག་པུའི་མཆུ་སྒྲོས་བསྐྱོད་པ་ལས།།

ཤོད་པའི་སེམས་འདུན་རྒྱང་རིང་ངོ་།།

ཆོས་སྲིད་ནོར་བུའི་ལྡིང་ཁང་ན།།

ཐུན་མིན་རིག་པའི་བློ་གྲོས་ཀྱི།།

སྨིན་མ་འཁྱོག་པའི་ལྡེབ་ངོས་སུ།།

བསྡུས་གཟུཊ་འགྱུ་བའི་རྣམ་པ་རྒོད།།

སྲིད་ལ་བརྒྱུས་པའི་དར་སྣེ་ནས།།

ཕྱག་རྒྱ་བསྣོལ་བའི་ཁ་རླངས་ཀྱིས།།

ཁོར་ཡུག་ལེགས་བྲིས་ན་ཆུང་མ།།

རྩེན་པའི་འཇའ་ཚོན་དགུང་ལ་ཡལ།།

འཇིག་པའི་སྣང་བར་ལས་བགྱི་བའི།།

རྒྱ་མཚོའི་རླབས་ལྟར་བསྐྱོད་པའི་རྫི།།

ཁྲོ་ཆུ་ཞལ་ལ་རེག་པའི་འདབ།།

ལྗགས་རྩེ་འདར་བའི་གྲུ་ཆར་བསྙིལ།།

བྱང་སྦལ་སེར་བོའི་རྒྱབ་ངོས་ཀྱི།།

རུས་པའི་རི་མོ་མཐོང་བ་ལས།།

དགེ་མཚན་དར་བའི་ཤ་བ་རིང་།།

ཨེ་མ་འཇིག་རྟེན་དག་པའི་ཞིང་།།

སུ་ཞིག་མཐོང་བའི་མིག་གི་དབང་།།

དྲི་ཟ་གཉིས་པའི་ཚལ་ལ་བཞིན།།

དག་པ་འོད་ཀྱི་ཕྲག་བརྒྱའི་ཞིང་།།

མོག་པར་སྒྲིབ་པའི་ཡུལ་གྲུ་བདོག།

ཚོར་བ་འཁྱོག་པོའི་རྨི་ལམ་ལས།།

ཡིད་ནི་རིང་བའི་དངོས་ཀུན་གྱི།།

སྣང་ཞིང་གྲུ་བཞིའི་ཆོས་ཉིད་ལ།།

ཅོ་འདྲི་བྱེད་པའི་མཛེས་སྡུག་ཡོད།།

མཚན་བཅས་སྤྲོས་པ་དང་བྲལ་བ།།

ཟེར་མ་ཡལ་བའི་ནུབ་ཁ་བཞིན།།

ཡུན་གྱིས་སྐལ་ཡང་སྨོན་ཞོགས་ནི།།

བསུ་བའི་སྐྱ་རེངས་ལས་མཁན་ཡོད།།

ལས་ཀྱི་བསགས་པ་དྲི་བཞོན་གྱིས།།

རྣམ་ཤེས་བདས་པའི་སྣར་མའི་དྲི།།

ཉེ་བའི་རང་གི་རྒྱལ་ཁབ་ནས།།

སླར་སྨོན་གཅིག་ཏུ་འདྲེས་པར་ཤོག།

༢༠༢༠.༤.༧