རིག་འཛིན་ཚངས་དབྱངས་རྒྱ་མཚོ།

བྲན། རྨ་ལྷོ།

བྱ་དེ་ཁྲུང་ཁྲུང་དཀར་མོ།། 

གཤོག་རྩལ་ང་ལ་གཡོར་དང་།།

ཐག་རིང་རྒྱང་ལ་མི་འཕུར།།

ལི་ཐང་བསྐོར་ནས་སླེབས་ཡོང་།།

ཁ་བྱང་གི་འགྲེལ་༼ཚངས་མགུར་༽ལས་དྲངས།

རྨད་བྱུང་ཐུགས་བསྐྱེད་ཀྱི་ས་འཛིན་མཐོན་པོའི་རྩེ་ནས།།

ཚོགས་གཉིས་ཉི་ཟླ་ཡི་འོད་ཀྱིས་ས་ཆེན་བཀབ་པའི།།

ཐུགས་རྗེ་ཀུན་ཁྱབ་ཀྱི་ཟེར་མས་སྐྱེ་དངོས་ཡོངས་ལ།།

བླ་མེད་རྟེན་འབྱུང་གི་སྣང་བས་སྒེག་པར་བྱས་སོང་།།

ཟབ་ཞི་སྤྲོས་བྲལ་གྱི་བརྩེ་བས་འོག་མིན་ཞིང་ནས།།

འགྲོ་དྲུག་གདུལ་བྱ་ལ་སྙིང་རྗེ་སྤྱན་གྱིས་གཟིགས་ཏེ།།

དག་དང་མ་དག་གི་ཞིང་ཁམས་འབྱམས་སུ་ཀླས་པར།།

གང་ལ་གང་འདོད་ཀྱིས་སྤྲུལ་བའི་སེམས་དཔར་འདུད་དོ།།

ལྷ་གཅིག་པདྨོ་ཡི་ཐུགས་རྗེ་རྣམ་པར་སྤྲུལ་བས།།

གངས་ཅན་ཁ་བ་ཡི་ལྗོངས་ཀྱི་འགྲོ་དྲུག་སེམས་ཅན།།

རྗེས་བཟུང་གདུལ་བྱ་ཡི་ཚུལ་གྱིས་བསྐྱངས་པའི་སྐལ་བ།།

ཚེ་རབས་དཔག་མེད་ཀྱིས་བསྐྲུན་པའི་བསོད་ནམས་ལོས་ཡིན།།

དེ་ལྟར་བསམ་ཡས་ཀྱིས་སྤྲུལ་བའི་རྟ་བདུན་དབང་བོ།།

སྨག་མུན་ཡོངས་གཏིབས་ཀྱི་ཁ་བའི་དབྱིངས་སུ་འཆར་ཏེ།།

མཐའ་འཁོབ་ཡང་འཁོབ་ཀྱི་ས་ཆེན་འཛིན་མའི་ཁྱོན་འདི།།

བརྩེ་བའི་ཉི་ཟེར་གྱིས་ཡོངས་སུ་ཁྱབ་པར་བྱས་སོང་།།

སྟོད་ཀྱི་མོན་ཡུལ་ནས་འཁྲུངས་པའི་ཚངས་དབྱངས་རྒྱ་མཚོ།།

ཕོ་བྲང་དམར་བོ་ཡི་བརྩེ་བའི་འོད་ལ་འཁྱིལ་དུས།།

ཁ་འཛིན་རྒྱབ་རྟེན་གྱིས་དབེན་པའི་རི་ལ་བྲོས་པ།།

སུ་དང་གང་གིས་ཀྱང་བརྗེད་ཐབས་ཡོད་ས་མ་རེད།།

ལ་ལུང་ཞབས་མཐིལ་གྱིས་བཅགས་ནས་གང་སར་ཕེབས་ཏེ།།

འགྲོ་དོན་གང་སྒྲུབ་ཀྱི་བྱ་བའི་ལས་ལ་འཇུག་ན།།

གསང་བའི་འཁྱམས་པོ་ཡི་ངང་ཚུལ་བཟུང་བ་འདི་ཡིས།།

ཡངས་པའི་འཇིག་རྟེན་ལ་གཏན་ཚིགས་བཀོད་པ་མིན་ནམ།།

ཕོ་བྲང་དམར་བོ་རུ་བཞུགས་དུས་ཚངས་དབྱངས་རྒྱ་མཚོ།།

ས་མཐའ་ངེས་མེད་ལ་འགྲིམ་དུས་ཏིང་བཟང་དབང་བོ།།

ཐུགས་ཀྱི་ཡོལ་གོ་རུ་འཁྱིལ་བའི་བྱིན་རླབས་ཟེར་མ།།

ནམ་ཡང་གཟི་བྱིིན་གྱི་ཀློང་ན་འོད་དུ་འབར་ཡོད།།

འཆད་པའི་ལེགས་བཤད་ཀྱིས་མཁས་རྒུའི་ཡིད་དབང་འཕྲོག་སོང་།།

རྩོད་པའི་བློ་རིག་གི་གློག་འགྱུས་སྨག་རུམ་གཏོར་བྱུང་།།

རྩོམ་པའི་བསྟན་བཅོས་ཀྱིས་མངོན་ལྐོག་སྒྱུ་མའི་རི་མོ།།

གང་དགར་བསྟན་པ་འདིས་འཇིག་རྟེན་ཧྲིལ་བོ་བསྒུལ་བྱུང་།།

ཐུགས་གསང་གངྒཱ་ཡི་ཀློང་ནས་བྱམས་པའི་བཞིན་ལ།།

སྐྱེ་མེད་འགག་མེད་ཀྱི་སྤྱན་གྱིས་གཟིགས་རྒྱུ་བྱུང་བས།།

མ་སྐྱེས་ཨ་མ་ཞེས་མགུར་རྟ་དབྱངས་སུ་འཐེན་པ།།

ཕལ་བའི་སྣང་ངོ་རུ་གང་དགར་ཤར་ས་མ་རེད།།

སྲིད་ཞིའི་མཛེས་སྡུག་གི་རི་མོ་མངོན་སུམ་གཟིགས་ཤིང་།།

མངོན་ལྐོག་ཆོས་ཚུལ་གྱི་སྒྱུ་མའི་ཁབ་ལ་རོལ་ཏེ།།

ཡང་སྤྲུལ་ལི་ཐང་ནས་འཁྲུངས་ཞེས་མགུར་གླུ་འཐེན་པ།།

འདི་ཙམ་མཐོང་བས་ཀྱང་དད་པའི་སྤུ་ལོང་རྒྱས་བྱུང་།།

བདེ་སྟོང་ཉམས་བརྒྱ་ཡི་རོལ་བའི་ཐབས་ཀྱི་འཕྲུལ་ལས།།

ལྷན་སྐྱེས་འོད་གསལ་གྱི་གཉུག་མའི་རིགས་གཤིས་ཕྲ་མོ།།

མཐོང་བས་ངེས་དོན་གྱི་སེམས་ལ་རི་མོ་བྲིས་པ།།

བསུབ་ཀྱང་སུབ་རྒྱུ་ནི་མི་འདུག་གསུངས་དེ་རྨད་བྱུང་།།

ཉམས་འགྱུར་རྫོགས་ལྡན་གྱི་ཚངས་པའི་བུ་མོ་འཁོར་རམ།།

གསང་བའི་ཕྱག་རྒྱ་ཡི་ལོངས་སྤྱོད་རྫོགས་པ་ཡིན་ནམ།།

གང་ཡིན་འཕགས་སངས་ཀྱི་སྤྱོད་ཡུལ་ཁོ་ན་ཉིད་ལས།།

ཕལ་བའི་བློ་ངོ་རུ་ཅི་ཡང་ཤར་ས་མ་རེད།།

འཇིག་རྟེན་འཁོར་བ་ཡི་གྲོང་ལ་གོད་མོ་ཤོར་སྐད།།

སྲིད་ཞིའི་ལེགས་ཚོགས་ཀྱི་དགེ་བའི་བཙན་ས་ཟིན་སྐད།།

བརྩེ་བ་མགུར་དབྱངས་སུ་འཐེན་པའི་བནྟེ་ཡིན་སྐད།།

དམ་པའི་ཐུགས་རྗེ་འདི་སུ་ཡིས་ཤོད་ས་མ་རེད།།

དབུས་ཀྱི་བར་སྐོར་ནས་རྙེད་པའི་ཆུང་འདྲིས་བྱམས་པ།།

མ་སྐྱེས་ཨ་མ་ཞེས་ཀུན་གྱིས་ཤེས་མདོག་བྱེད་ཀྱང་།།

སྟོང་ཉིད་སྙིང་རྗེ་ཡི་སྙིང་བོར་འགྲེལ་བའི་ལུགས་དེ།།

མདོ་སྔགས་ཟུང་འཇུག་གི་གདམས་པའི་མཐིལ་དུ་ཆེ་འོ།།

འཁྲེང་ཟླུམ་ནུ་འབུར་གྱི་ལང་ཚོ་ཀུན་ནས་རྒྱས་པའི། །

གང་གི་ཉམས་འགྱུར་གྱིས་བསླུ་བྲིད་བྱས་སོང་སྐད་མོད།།

རྣལ་འབྱོར་དམ་པ་ཡི་ཐུགས་ཀྱི་བརྩེ་བའི་ཀློང་ན།།

རིགས་དྲུག་འགྲོ་བ་ཡི་བདེ་སྡུག་རྟག་ཏུ་སྒོམ་ཡོད།།

འཕྱོངས་རྒྱས་ཟླ་སྒྲོན་ལ་འཁྲེང་བའི་ཞེ་སེམས་དམར་བོ།།

བརྩེ་བའི་མེ་དཔུང་ལ་བསྒྲོན་པའི་དན་རྟགས་རེད་ཅེས།།

གང་འདོད་ཐོལ་བྱུང་དུ་སྨྲ་བའི་མགོ་བདེ་དེ་ཚོ།།

འཇིག་རྟེན་སྣང་བ་ཡིས་བཟི་ནས་སྨྱོན་པར་ཆགས་འདུག།

རྒྱལ་བ་ཚངས་དབྱངས་ཀྱི་སྐུ་ཚེ་སྐྱོ་གར་ཞིག་རེད།།

མི་ཁའི་རླུང་འཚུབ་ཀྱིས་གཤེ་གཤེ་མང་བོ་བཏང་བྱུང་།།

སོག་པོའི་ལྷ་བཟང་གིས་ཁྲི་ལས་ས་མཐར་བདའ་བྱུང་།།

སྐྱེས་ཆེན་འཛམ་གླིང་གི་ཉི་མ་ཡང་ཡང་དྲན་བྱུང་།།

ཅེས་པ་འདི་ནི་ཡུལ་རིག་པ་འབྱུང་བའི་གྲོང་ཁྱེར་ནས་སུ་མ་ཏི་མིང་ཅན་གྱིས་སྦྱར་བའོ།།